ཚེ་བརྟན་རྡོ་རྗེ་དང་ འཆི་མེད་ཀྱིས་ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཚུན་ རྐང་ཐང་སྦེ་ ལམ་འགྲུལ་འབད་ནི་ འགོ་བཙུགས་པའི་བསྒང་།

ལམ་འགྲུལ་གྱི་ཐོག་ལས་ མཁལ་རྡོག་དང་འབྲེལ་བའི་ ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༤ ལུ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་༢ ཀྱིས་ མཁལ་རྡོག་དང་འབྲེལ་བའི་ནད་གཞི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ལམ་འགྲུལ་ལས་རིམ་འགོ་བཙུགས་ཅི།

དེ་ཡང་ ཚེ་བརྟན་རྡོ་རྗེ་དང་ འཆི་མེད་༢ ཀྱིས་ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཚུན་ རྐང་ཐང་སྦེ་ ལམ་འགྲུལ་ཐོག་ལས་ གོ་བ་བརྡ་སྤྲོད་འབད་ནི་ཨིན་པས།
ཁོང་༢ ཀྱི་ལམ་འགྲུལ་དེ་ཡང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ སྦུག་ལུ་ཡོད་པའི་ མ་ཎི་དུང་འཁོར་ལས་ འགོ་བཙུགས་ཡོདཔ་ད་ བླམ་གནས་བརྟན་དང་ རབ་སྡེའི་དགེ་སློང་ དེ་ལས་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ འགོ་དཔོན་དང་ ཁྲོམ་ཁར་སྡོད་མི་ཚུ་གིས་ རྫོང་ཁ་ཐུག་འགྱོ་སའི་ འཛུལ་སྒོ་ཚུན་ གཅིག་ཁར་སོང་ཡི།
སྐྱེས་ལོ་༤༩ ལང་མི་ འཆི་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ག་ཟླ་བའི་ དུས་ཆེན་ཁྱད་པར་ཅན་ནང་ དགེ་བའི་ལཱ་ ག་ཅི་ར་འབད་རུང་ ཕན་ཡོན་འབུམ་འགྱུར་སྦེ་ ཡོད་མི་ལུ་བརྟེན་ ལམ་འགྲུལ་དེ་ཡང་ ཟླཝ་འདི་ནང་ འགོ་འདྲེན་འཐབ་ཚུགསཔ་ལས་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ ལམ་འགྲུལ་སྐབས་ ཚེ་བརྟན་གྱིས་ མཁལ་རྡོག་དང་འབྲེལ་བ་ཡོད་པའི་ ནད་གཞིའི་སྐོར་དང་ ཁོ་གིས་ ཆོས་ཀྱི་ཁ་ཐུག་ལས་སྦེ་ གོ་བརྡ་ཚུ་ སྤྲོད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་༢ ཀྱིས་ གཞི་ཚོགས་ཀྱི་དོན་ལུ་ མ་དངུལ་དུམ་གྲ་རེ་ བསྡུ་ལེན་འབད་ནི་ཨིན་རུང་ མི་མང་ལས་ རྒྱབ་སྐྱོར་དགོ་མི་ལུ་བརྟེན་ མི་ཚུ་གིས་ གདོང་ཁར་འཐོན་ཏེ་ དངུལ་ཀྲམ་༡ ཞལ་འདེབས་སྦེ་གནང་རུང་ གཞི་ཚོགས་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
འཆི་མེད་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༡༩༩༢ ལས་༢༠༠༤ ཚུན་ ལམ་བཤལ་ལམ་སྟོན་པ་སྦེ་ ཕྱག་ཞུ་ཡི་ཟེར་ཨིནམ་ད་ ཚེ་སྔ་མའི་ལས་ལུ་བརྟེན་ སྤྱི་ལོ་༢༠༠༣ དང་༢༠༠༤ ལུ་མཁལ་རྡོག་ན་སྟེ་ མལ་ཆ་ནང་ལས་ ལོང་མ་ཚུགས་པའི་ གནས་སྟངས་ལུ་ ཐུག་ཡོདཔ་ལས་ ཌོག་ཊར་ཚུ་གིས་ དྲག་ནིའི་རེ་བ་རྫོགས་ཡོད་རུང་ ཁོ་ར་ རེ་བ་མ་རྫོགས་པར་ དམ་པའི་ཆོས་བསྒྲུབས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་གིས་ དམ་པའི་ཆོས་བསྒྲུབ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་པ་ཅིན་ དྲག་མ་ཚུགས་པའི་ དཔེ་མིན་འདུག་ཟེར་ཨིནམ་ད་ ནད་གཞི་ཚུ་ རང་སོའི་ལས་དང་ རྣམ་སྨིན་ཚུ་ལུ་བརྟེན་ ཐོབ་དོ་ཡོདཔ་ལས་ དམ་པའི་ཆོས་ལས་ལྷག་སྟེ་ སྨན་གཞན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་ར་ཧེ་མར་ ལམ་སྟོན་པ་སྦེ་ སྡོད་པའི་སྐབས་ དུས་ཚོད་མང་ཤོས་ར་ ལ་བཤལ་ལུ་སོང་མི་དང་ འདས་པའི་ལོ་༧ དེ་ཅིག་གི་རིང་ ཕྱག་འཚལ་བའི་ ཉམས་མྱོང་ཡོདཔ་མ་ཚད་ རྒྱ་གར་དང་ ཤྲི་ལངྐ་ དེ་ལས་ ནེ་པཱལ་རྒྱལ་ཁབ་ལ་སོགས་པ་ཚུ་ནང་ ཕྱག་འཚལ་ཏེ་ ཀི་ལོ་མི་ཊར་༡༤,༨༠༠ དེ་ཅིག་ ཁྱབ་ཚུགས་ཅི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༡ ལུ་ མཇུག་ར་ བསམ་གྲུབ་ལྗོངས་མཁར་ལས་ འགོ་བཙུགས་ཏེ་ ལྷུན་རྩེ་ སེངྒེ་རྫོང་ཚུན་ ལམ་བདའ་སྟེ་ ཕྱག་འཚལ་ཐོག་ལས་ སོང་ཡི་ཟེར་ཨིན་པས།
འཆི་མེད་ཀྱིས་ སླབ་མིའི་ནང་ ན་ཧིང་ཚུན་ མཚམས་བཅད་སྡོད་ཅི་ཟེར་ཨིནམ་ད་ ཁོ་ལུ་ གདོང་ལེན་ལེ་ཤ་ བྱུང་ཡོད་རུང་ གཞུང་ལམ་ཚུ་བདའ་སྟེ་ ཕྱག་འཚལ་འགྱོ་བའི་སྐབས་ མི་མང་ཤོས་ཅིག་གིས་ རྒྱབ་སྐྱོར་འབད་ཡོད་རུང་ ལ་ལོ་ཅིག་གིས་ ཧ་མ་གོ་མི་ལུ་བརྟེན་ ཁ་བཏང་མི་ཡང་ ཐོན་ཡི་ཟེར་ཨིན་པས།
སྐྱེས་ལོ་༤༣ ལང་མི་ ཚེ་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་༣ གྱི་ཧེ་མར་ འབྲུག་རྒྱང་བསྒྲགས་ནང་ ན་གཞོན་བུམོ་ཅིག་ལུ་ མཁལ་རྡོག་གི་ ནད་གཞི་ཐོབ་ཡོད་པའི་ཁར་ མོ་ལུ་ རྒྱབ་སྐྱོར་འབད་མི་ ག་ཡང་མེད་པའི་སྐོར་ལས་ ཤེས་རྟོགས་བྱུང་བའི་ཤུལ་ལས་ འདི་བཟུམ་མའི་ ལམ་འགྲུལ་འབད་དེ་ མ་དངུལ་གྱི་ རྒྱབ་སྐྱོར་ལེན་ནི་དང་ མཁལ་རྡོག་གི་ ནད་གཞིའི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ མནོ་བསམ་བཏང་ཡི་ཟེར་ཨིནམ་ད་ ཨིན་རུང་ མནོ་དོན་ལྟར་དུ་ འགྱོ་མ་ཚུགས་ཟེར་ཨིན་པས།
འབྲུག་མཁལ་རྡོག་གཞི་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ལམ་འགྲུལ་སྐབས་ གཞི་ཚོགས་ཀྱིས་ མི་ཚེའི་གནས་སྟངས་ཡར་དྲག་གཏང་ནིའི་ དམིགས་ཡུལ་འགྲུབ་ནིའི་ནང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ འཆི་མེད་དང་ ཚེ་བརྟན་༢ ཀྱིས་ གཡུས་སྒོ་དང་ ལམ་བདའ་ཕྱད་མི་ མི་ཚུ་ལུ་ གོ་བརྡ་སྤྲོད་འོང་ཟེར་ཨིན་པས།
གཞི་ཚོགས་ཀྱི་ ལས་རིམ་འགོ་དཔོན་ ཀརྨ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཐུས་མི་དང་ ཁས་བླངས་པ་ཚུ་གིས་ གཞི་ཚོགས་ལུ་ རྒྱབ་སྐྱོར་འབད་དོ་ཡོད་པའི་ཁར་ ད་རེས་ཀྱི་ གོ་བརྡའི་ལམ་འགྲུལ་དེ་ཡང་ རྒྱབ་སྐྱོར་ཅིག་འབད་མི་ལུ་བརྟེན་ ལམ་འགྲུལ་དེ་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐོར་དུས་སྟོན་དང་འབྲེལ་ འགོ་བཙུགས་ཚུགས་མི་ལུ་ལེགས་ཤོམ་སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་འགྲུལ་དེ་གིས་ གཞི་ཚོགས་ཀྱིས་ མི་མང་ལུ་ མཁལ་རྡོག་གི་ནད་གཞི་དང་ དེའི་གནད་དོན་ལ་སོགས་པ་ཚུ་གི་སྐོར་ལས་ ཤེས་ཡོན་དང་ གོ་བརྡ་སྤྲོད་ནིའི་ནང་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ཧེ་མ་ གོ་བརྡ་སྤྲོད་ཡོད་མི་དེ་ཡང་ ས་གནས་ག་རའི་ནང་ ཁྱབ་སྤེལ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *