བཟོ་རིག་གི་ལཱ་འབད་མི་ དབང་ཕྱུག།

ལག་ཤེས་རིག་རྩལ་ཡོད་པ་ཅིན་ མ་འོངས་པའི་གོ་སྐབས་ ལེགས་ཤོམ་ཡོདཔ།

༉ རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་ནང་ལས་ སྦྱོང་བརྡར་མཇུག་བསྡུ་མི་ སྐྱེས་ལོ་༤༢ ལང་མི་ དབང་ཕྱུག་དེ་ མཐར་འཁྱོལ་ཅན་གྱི་ ཚོང་འབྲེལ་བ་ཅིག་ ཨིནམ་མ་ཚད་ ཁོ་རའི་རིག་རྩལ་ལུ་བརྟེན་ ཁོ་ར་དང་ ཁོ་གི་ལས་བྱེདཔ་༡༢ ནད་ཡམས་ཀྱི་སྐབས་ལུ་ ནང་དོགས་དགོཔ་ མ་ཐོནམ་ཨིན་པས།

དབང་ཕྱུག་ཁོ་ར་ དབང་འདུས་ཕོ་བྲང་ལས་ཨིནམ་ད་ ཁོ་གིས་ ཐིམ་ཕུག་ བར་སྦིས་ས་ལུ་ རང་ལུགས་ཤིང་བཟོའི་ ཚོང་ལས་ཅིག་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ པ་ཏྲ་དང་ ལྷ་བྲིས་ དེ་ལས་ ཤིང་བཟོ་བོ་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།

ཁོ་གིས་ མཆོད་གཤམ་དང་ བཞུགས་ཁྲི་ ཅོག་སྒྲོམ་ དེ་ལས་ རང་ལུགས་ཀྱི་ ནང་ཆས་གཞན་ཚུ་ཡང་ བཟོ་དོ་ཡོདཔ་ཨིན་པས།

ཁོ་རའི་ ཤིང་བཟོ་ཁང་ནང་ བཟོ་བཀོད་འབད་མི་ ཅ་ཆས་ཚུ་ ཐིམ་ཕུག-བར་བིས་ས་ མགྱོགས་ལམ་ཁར་ཡོད་པའི་ འགྲེམས་སྟོན་ཁང་དང་འབྲེལ་བའི་ ཚོང་ཁང་ནང་ གསལ་སྟོན་འབད་དེ་ བཞག་ས་མཐོངམ་ཨིན་པས།

དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ གསལ་སྟོན་འབད་བཞག་མི་ ཅ་ཆས་ཚུ་ མཁོ་མངགས་དང་བསྟུན་ ཨིན་ཟེར་ཨིནམ་ད་ ཅ་ཆས་ཚུ་ཡང་ དངུལ་ཀྲམ་༣,༠༠༠ ལས་འགོ་བཙུགས་༥༠༠,༠༠༠ ཚུན་སྦེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།

དབང་ཕྱུག་གིས་ ཅ་ཆས་ཚུ་ ཏའི་ཝཱན་དང་ སིངྒ་པོར་ དེ་ལས་ ཝེཊ་ནམ་ཚུ་ནང་ཡང་ ཕྱིར་ཚོང་འཐབ་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་བཏུབ་པས་ཟེར་ཨིན་པས།

ཁོ་གིས་ བཟོ་རིག་བཅུ་གསུམ་སྦྱོང་བརྡར་ མཇུག་བསྡུ་བའི་ཤུལ་ལུ་ ནང་ཆས་ཚོང་ལས་ཁང་༨ ནང་ ལཱ་འབད་དེ་ སྤྱི་ལོ་༢༠༡༥ ལུ་ ཁོ་རའི་ཚོང་ལས་ ར་བྲག་སྤུན་གསུམ་རང་ལུགས་ཤིང་བཟོ་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ཁོ་ར་ ལྷ་བྲིས་ལྷབ་སྦྱངས་འབད་ཡོདཔ་ད་ ཤིང་བཟོ་བོ་གི་ལཱ་དེ་ ཁོ་རའི་ཆ་རོགས་ལས་ ལྷབ་ཡོདཔ་མ་ཚད་ གཞན་ཡང་ ཁོ་རའི་ཆ་རོགས་ ལྷ་བྲིསཔ་དང་ ཤིང་བཟོ་བོ་ཚུ་ ཁོ་དང་གཅིག་ཁར་ ལཱ་འབད་མི་སྦེ་ བཙུགས་ཡོདཔ་ཨིན་པས།

ཁོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༥ འི་ཧེ་མ་ ཁོ་གིས་ འོང་འབབ་ག་ནི་ཡང་ བཟོ་ནི་མེདཔ་ལས་ ཕར་ཚུར་འགྲོ་འགྲུལ་འབདཝ་ད་ གླ་འཁོར་གྱི་ གླ་ཆ་སྤྲོད་ནི་ལུ་ཡང་ ནང་དོགས་དགོཔ་ཐོནམ་མས་ཟེར་ཨནི་པས།

ད་རེས་ཁོ་གིས་ པིག་ཨཔ་ ཊཱག་ཅིག་ ཉོ་ཡོདཔ་བཞིན་དུ་ ཁོ་རའི་ནང་མི་ཚུ་ལུ་ཡང་ གྲོགས་རམ་འབད་ ཚུགས་དོ་ཡོདཔ་ཨིན་པས།

དབང་ཕྱུག་གིས་ སླབ་མིའི་ནང་ ལག་ཤེས་རིག་རྩལ་ཡོད་མི་ཚུ་ལུ་ གོ་སྐབས་སྦོམ་འདུག་ཟེར་ཨིནམ་ད་ དང་འདོད་བསྐྱེད་མི་རེ་ འཐོན་པ་ཅིན་ ཁོ་གིས་ ན་གཞོན་ཚུ་གི་ ལྕོགས་གྲུབ་ཡར་སེང་གཏང་ནི་ལུ་ ཆ་རོགས་འབད་ནིའི་ སྤྲོ་བ་ཡོད་ཟེར་ཨིན་རུང་ དང་འདོད་བསྐྱེད་མི་ གངམ་མི་ཐོན་མས་ཟེར་ཨིན་པས།

དབང་ཕྱུག་གིས་ འབད་བ་ཅིན་ ཤེས་ཡོན་ཡོད་མི་ཚུ་གིས་ ལཱ་གཡོག་ཚུ་ འཐོབ་ཚུགས་ནི་དང་ ཤེས་ཡོན་མེད་མི་དང་ ཤེས་ཡོན་དུམ་གྲ་རེ་ ཡོད་མི་ཚུ་གིས་ རང་སོའི་ རིག་རྩལ་གྱི་ལྕོགས་གྲུབ་ བཟོ་དགོ་ཟེར་ཨིན་པས།

ད་རེས་ རང་ལུགས་ཀྱི་ཅ་ཆས་ཚུ་ལུ་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ ཁོ་གི་ མ་འོངས་པའི་ཚོང་ལམ་དེ་ ཉེན་སྲུང་དང་ལྡན་ཏོག་ཏོ་ཅིག་སྦེ་ མཐོང་དོ་ཡོདཔ་ཨིན་པས།

དབང་ཕྱུག་གིས་ ཁོ་རའི་ཚོང་འབྲེལ་ཁང་གི་ ལྕོགས་གྲུབ་དང་བསྟུན་པའི་ མཁོ་མངགས་ཚུ་མ་གཏོགས་ མི་ལེན་དོ་ཡོད་མི་དེ་ཡང་ གཙོ་བོ་ར་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་ཚུ་ ཁ་ཚིག་དང་མཐུན་ཏོག་ཏོ་སྦེ་ སྤྲོད་ཚུགས་ནིའི་དོན་ལུ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *