ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ ལེགས་བསྒྱུར་སྙན་ཞུའི་ ངོས་ལེན་ལུ་ སྒུག་དོ་ཡོདཔ།

༉ ལས་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ ལེགས་བསྒྱུར་འབད་ནིའི་ སྙན་ཞུ་ཚུ་ གྲ་སྒྲིག་སོང་སྟེ་ཡོདཔ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ངོས་ལེན་ལུ་ སྒུགཔ་ཨིན་པས།

ད་ལྟོའི་ གཞུང་གིས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་དེ་ གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་ཐོག་ ལེགས་བསྒྱུར་འབད་ནིའི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ ལོ་ཕྱེད་དང་༣ ལང་དོ་ཡོདཔ་ཨིན་པས།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ནང་ ལེགས་བསྒྱུར་སྦོམ་ཤོས་གཅིགཔོ་དེ་ ལས་གཡོག་ལྷན་ཁག་ལས་ ཐ་དད་བཟོ་སྟེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ བཟོ་ནི་དེ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་གིས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ལུ་ བརྟག་ཞིབ་འབད་བའི་ སྙན་ཞུ་ལས་འགོ་བཙུགས་ཏེ་ སྙན་ཁག་མ་འདྲཝ་ཚུ་ནང་ ཤེས་ཡོན་དེ་གི་ གཞི་རྟེན་མཐུན་རྐྱེན་ལངམ་མེད་པའི་ཁར་ ལྕོགས་གྲུབ་གོང་འཕེལ་གཏང་དགོཔ་མ་ཚད་ སྦྱོང་བརྡར་སྤེལ་ཁང་གི་ རིག་རྩལ་ཚུ་ ད་རེས་ཀྱི་ གནས་སྟངས་ནང་ འབྲེལ་བ་མེདཔ་སྦེ་ ཤེས་རྟོགས་བྱུང་ནུག།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་སྐོར་ གྲོས་བསྟུན་དང་ ཞལ་འཛོམས་འཚོགས་ཐོག་ལས་ གནད་དོན་དག་པ་ཅིག་ སེལ་ཐབས་འབད་ཡོད་རུང་ མང་ཤོས་ཅིག་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ཤེས་ཡོན་ལེགས་བསྒྱུར་དེ་ སྤྱི་ལོ་༢༠༠༠ ལས་ འགོ་བཙུགས་ཐོག་ལས་ ལས་གཡོག་ལྷན་ཁག་གིས་ འཛིན་སྐྱོང་འཐབ་ཡོདཔ་ད་ ལེགས་བསྒྱུར་གྱི་ ལཱ་འབད་ཡོད་རུང་ མངོན་གསལ་ཆེ་བའི་ གྲུབ་འབྲས་བཏོན་མ་ཚུགས་པས།

ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ལེགས་བསྒྱུར་དེ་ དུས་ཚོད་ཁར་ འབད་མ་ཚུགསཔ་ལས་ ད་ལྟོའི་ གཞུང་གི་ གནས་ཡུན་སྐབས་ ལག་ལེན་འཐབ་ནི་ལུ་ རྩ་འགེངསཔ་ཨིན་རུང་ ག་དེ་སྦེ་ འབད་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོང་གི་ གནས་ཡུན་སྐབས་ ལེགས་བསྒྱུར་དེ་ གྲ་སྒྲིག་འབད་ཚུགས་པ་ཅིན་ གྲུབ་འབྲས་ཅིག་སྦེ་ བརྩི་འཇོག་འབད་དགོཔ་བཞིན་དུ་ ཤུལ་མའི་གཞུང་གིས་ འཆར་གཞི་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

དེ་འབདཝ་ད་ ལེགས་བསྒྱུར་གྱི་ལཱ་དེ་ རྩ་བ་ལས་ འབད་དགོཔ་ལས་ གདོང་ལེན་ཅན་ཅིག་ཨིན་རུང་ ལེགས་བསྒྱུར་གྱི་ སྙན་ཞུ་དེ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ ལས་གཡོག་བློན་པོ་གིས་ བཤདཔ་ཨིན་པས། 

ཁོ་གིས་ བཤད་མིའི་ནང་ ལེགས་བསྒྱུར་སྙན་ཞུ་དེ་ ལྷན་རྒྱས་ཀྱི་ གདན་ས་ཞལ་འཛོམས་ནང་ གྲོས་བསྡུར་གནང་སྟེ་ བསམ་ལན་དང་འཁྲིལ་ ལོག་ལཱ་འབད་བཅུག་ཡོདཔ་ལས་ འཕྲལ་མགྱོགས་ར་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་འོང་ཟེར་ཨིན་པས།

ལེགས་བསྒྱུར་གྱི་སྙན་ཞུ།

ལས་གཡོག་ལྷན་ཁག་གིས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ལུ་ ག་ར་གིས་ སེམས་ཁར་འབབ་ཏོག་ཏོ་དང་ ཡིད་ཁར་འོང་ཏོག་ཏོ་བཟོ་ནི་དེ་ གཙོ་རིམ་ཅན་སྦེ་ བརྩི་འཇོག་འབད་དེ་ཡོདཔ་ད་ ལས་གཡོག་བློན་པོ་གིས་ ལེགས་བསྒྱུར་དེ་གིས་ སྤུས་ཚད་དང་ ཕན་ནུས་ཅན་ དེ་ལས་ མ་འོངས་རིག་རྩལ་གྱི་དོན་ལུ་ སློབ་ཕྲུག་ཚུ་ གྲ་སྒྲིག་ངེས་བརྟན་བཟོ་ནི་ལུ་ གཙོ་རིམ་བཟུང་ཚུགས་ཟེར་ བཤདཔ་ཨིན་པས།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་དེ་ ཀ་ཆེན་༤ གི་ཐོག་ལས་ ལེགས་བསྒྱུར་འབད་ནི་སྦེ་ དམིགས་གཏད་བཀོད་དེ་ཡོདཔ་ད་ ལས་གཡོག་བློན་པོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ལས་རིམ་སྐབས་ ཀ་ཆེན་དང་པ་དེ་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་སྦྱོང་བརྡར་སྤེལ་ཁང་གི་ ས་ཁོངས་དེ་ ཡིད་ཁར་འོང་ཏོག་ཏོ་དང་ ཀུན་ཚང་ཤེས་ཡོན་དང་ལྡནམ་སྦེ་ བཟོ་ནི་དེ་ཨིན་ཟེར་ཞུ་ཡི། 

དམིགས་ཡུལ་༢ པ་དེ་ ཕྱིའི་རྩ་གཞུང་ཚུ་ ནང་འདྲེན་འབད་དེ་ གནས་སྟངས་དང་འཁྲིལ་ དུས་མཐུན་བཟོ་ཐོག་ལས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ རྩ་གཞུང་གཞི་བསྒྱུར་འབད་ནི་དང་ དེ་གིས་ མི་སྟོབས་གོང་འཕེལ་གཏང་ནི་དང་ རྒྱལ་སྤྱི་གཙུག་སྡེ་མ་འདྲཝ་ཚུ་ནང་ སློབ་སྟོན་པ་ཚུ་གིས་ ཤེས་ཚད་ཡར་དྲག་གཏང་ཚུགས་ནི་ཨིན་པས།

གཞུང་གིས་ ཀོ་རི་ཡ་དང་ ཇར་མ་ནི་ སུ་ཡིད་ཛར་ལེནཌ་ ཨཱསི་ཊི་ལ་ཡ་ དེ་ལས་ སིངྒ་པུར་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྒྱལ་སྤྱི་ནང་ ལཱ་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ད་ ཀ་ཆེན་གཞན་གཅིགཔོ་དེ་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ བྱ་རིམ་གཞི་བསྒྱུར་འབད་ནི་ཚུ་ཨིན་པས།

ཐབས་ལམ་དེ་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་དང་ མཉམ་འབྲེལ་ཐོག་ལས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་དང་ འབྲེལ་མཐུད་འབད་དེ་ ལཱ་གཡོག་བྱིན་ནི་ཨིནམ་ད་ ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་དང་ བཟོ་གྲྭ་ཁང་ཚུ་གི་བར་ན་ འབྲེལ་མཐུད་ལེགས་ཤོམ་མེདཔ་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་ ལཱ་གཡོག་མ་ཐོབ་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

ལེགས་བསྒྱུར་གྱི་ལཱ།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ ལེགས་བསྒྱུར་ལས་རིམ་དེ་ དང་པ་ར་ ལས་གཡོག་ལྷན་ཁག་གི་ ལས་ཁུངས་ཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་གི་ཤུལ་ལས་ བློན་ཆེན་ཡིག་ཚང་གིས་ འབད་ནི་སྦེ་ཨིན་རུང་ ལོག་སྟེ་ ལྷན་ཁག་ལུ་བཏང་ཡོདཔ་ཨིན་པས།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ གནས་སྐབས་ལེགས་བསྒྱུར་ཡིག་ཚང་ཅིག་ གཞི་བཙུགས་འབད་དེ་ བཀོད་ཁྱབ་གཙོ་འཛིན་ཅིག་ཡང་ གདམ་བསྐོས་འབད་ཡོད་རུང་ བློན་ཆེན་ཡིག་ཚང་གིས་ ལེགས་བསྒྱུར་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཡང་བསྐྱར་དུ་ ལས་གཡོག་ལྷན་ཁག་ལུ་ བཏང་ཡོདཔ་ཨིན་པས།

ལས་གཡོག་བློན་པོ་གིས་ སླབ་མིའི་ནང་ གནས་སྐབས་ཡིག་ཚང་གིས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་དེ་ འབྲུག་གསར་གཏོད་དང་ འཕྲུལ་རིག་ཤེས་ཡོན་ འཕྲུལ་རིག་དང་མཐུན་རྐྱེན་སྦྱོང་བརྡར་ཐོ་གཞུང་ དེ་ལས་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ལམ་གྱི་ མིང་གནས་བསྒྱུར་བཅོས་འབད་ནིའི་ སྙན་ཞུ་༥ ཐོབ་ཅི་ཟེར་ཨིན་པས།

དེ་མ་ཚད་ ལས་རིམ་ནང་ འཛམ་གླིང་གོང་འཕེལ་དངུལ་ཁང་གིས་ གྲོགས་རམ་བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོད་པའི་ སྙན་ཞུ་ཡང་ ཕུལ་ཡོདཔ་ད་ གཞུང་གིས་ གནས་སྐབས་ཡིག་ཚང་གི་ སྙན་ཞུ་ལུ་ ངོས་ལེན་འབད་ཡོདཔ་བཞིན་དུ་ ལྷན་ཁག་གིས་ ལེགས་བསྒྱུར་གྱི་ སྙན་ཞུ་གུ་ལུ་ ལཱ་འབད་དོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས། 

ཁོ་གིས་འབད་བ་ཅིན་ རང་དབང་གི་ གཙུག་སྡེ་བཟོ་ནི་ལུ་ དུས་ཚོད་འགོར་ནི་དང་ ཐ་དད་བཟོ་ནི་ཡང་ གང་མགྱོགས་འབད་མི་ཚུགས་ནི་མས་ཟེར་ཨིན་པས།

ལེགས་བསྒྱུར་གྱི་ སྙན་ཞུ་དེ་ ཆ་འཇོག་འབད་རུང་ ལག་ལེན་འཐབ་ནི་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ རག་ལས་ནི་ཨིནམ་ད་ དཔལ་འབྱོར་དང་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གཅིག་ཁར་ འགྱོ་དགོཔ་ལས་ གལ་སྲིད་ ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་གྱི་ སྦྱོང་བརྡར་མཐར་འཁྱོལ་ཏེ་ ལཱ་གཡོག་མེད་པ་ཅིན་ ད་རུང་ འཐུས་ཤོར་འབྱུང་འོང་ཟེར་ ལས་གཡོག་བློན་པོ་གིས་ བཤདg་ཨིན་པས།

ལག་ཤེས་དང་འཕྲུལ་རིག་ཤེས་ཡོན་ ལེགས་བསྒྱུར་འབད་ནི་དེ་ འཆར་གཞི་༡༢ པའི་ནང་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ ལས་རིམ་ནང་ འཆར་དངུལ་ཐེར་འབུམ་༢.༡ བཞག་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *