ལག་ལེན་མ་འཐབ་པར་བཞག་མི་ ཨ་ལོའི་རྩེད་འཕྲུལ་ཚུ་ སྤོ་བཤུད་འབད་ནིའི་འཆར་གཞི།

༉ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་བར་ན་ གྲོས་འཛོམས་ཐེངས་༣༦ པ་ འཚོགས་པའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ ཨ་ལོ་ཚུའི་དོན་ལུ་ གཞི་བཙུགས་འབད་མི་ རྩེད་འཕྲུལ་པེ་ལེ་ཨིས་ཊེ་ཤཱན་ཚུ་ ས་གནས་མང་ཤོས་ཅིག་ནང་ར་ སྒོ་བསྡམས་བཞག་མི་དེ་ལུ་ གཞུང་གི་ཁ་ཐུག་ལས་ ཐབས་ལམ་ག་ཅི་བཏོན་དོ་གའི་སྐོར་ལས་ དྲི་བཀོད་འབད་ཡི།

དེའི་ལན་ལུ་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་གྱིས་ གསུངས་མིའི་ནང་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ གཞི་བཙུགས་འབད་མི་ ཨ་ལོའི་རྩེད་འཕྲུལ་ཚུ་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༠ ལུ་ སྤྱི་ཕན་རིག་འཕེལ་ལས་འགུལ་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ རྒེད་འོག་སོ་སོའི་ ས་གནས་ཁག་ཚུ་ནང་ བསྡོམས་ཀྱིས་ ཨ་ལོའི་རྩེད་འཕྲུལ་༡༣༡ གཞི་བཙུགས་འབད་ཡོདཔ་ཨིན་པས།

བརྒྱུད་འབྲེལ་བློན་པོ་གིས་ བཤད་མིའི་ནང་ རྩེད་འཕྲུལ་ལ་ལོ་ཅིག་ གཞི་བཙུགས་འབད་བའི་བསྒང་ལས་ར་ ལག་ལེན་མ་འཐབ་པར་འདུག་ཟེར་ཨིནམ་ད་ ལ་ལོ་ཅིག་ ལག་ལེན་འཐབ་མ་ཚུགས་པར་ ཡོད་མི་དེ་ཡང་ སྤྱིར་བཏང་ སློབ་གྲྭའི་སློབ་ཕྲུག་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གཞི་བཙུགས་འབད་མི་ རྩེད་འཕྲུལ་གྱི་ས་ཁོངས་མང་ཤོས་ར་ སློབ་གྲྭའི་མཐའ་འཁོར་ལས་ ཐག་རིང་སར་ གཞི་བཙུགས་འབད་ནི་དེ་གིས་ཨིན་པས།

རྩེད་འཕྲུལ་ཚུ་ཡང་ མི་སྡེ་ལྟེ་བ་ཚུ་ནང་ གཞི་བཙུགས་འབད་ཡོདཔ་ད་ བརྒྱུད་འབྲེལ་བློན་པོ་གིས་ འབད་བ་ཅིན་ ལག་ལེན་མ་འཐབ་པར་བཞག་མི་ ཨ་ལུའི་རྩེད་འཕྲུལ་ཚུ་ ངོས་འཛིན་འབད་ཚར་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ མི་སྡེ་བརྡ་དོན་ལྟེ་བ་བདག་འཛིན་འཐབ་མི་ འབྲུག་གོང་འཕེལ་དངུལ་ཁང་དང་ དེ་ལས་ ས་གནས་གཞུང་དང་ གྲོས་བསྟུན་ཐོག་ སྤོ་བཤུད་འབད་ནིའི་འཆར་གཞི་ཡོདཔ་ད་ འཕྲལ་མགྱོགས་འབད་མ་ཚུགས་རུང་ འཆར་གཞི་༡༢ པའི་ནང་ གཙོ་རིམ་ཅན་གྱི་ ལས་འགུལ་ཅིག་སྦེ་ འཆར་གཞི་བརྩམས་ཏེ་ཡོད་ཟེར་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྩེད་འཕྲུལ་དེ་ཚུ་ འགོ་དང་པ་ རྒྱ་གར་ལས་ཐོན་ཞིནམ་ལས་ ཚར་གཅིག་ཡོངས་གྲགས་ཐལ་ཡོད་རུང་ འཕྲུལ་ཆས་ཚུ་ རྙིངམ་ཐལ་ནི་དེ་གིས་ ད་རེས་ནངས་པ་ ཨ་ལོ་ལེ་ཤ་ཅིག་གིས་ རང་སོའི་ཕམ་གིས་ གོང་སྦོམ་སྤྲོད་པའི་ ཚད་ལྡན་འགྲུལ་འཕྲིན་ཚུ་ ལག་ལེན་འཐབ་ནི་དེ་གིས་ རྩེད་འཕྲུལ་ཚུ་ ལག་ལེན་མི་འཐབ་དོ་ཡོད་རུང་ དེ་ཚུ་ ཧེ་མ་ལས་ ཉོ་སྒྲུབ་འབད་ཚར་མི་ གོང་སྦོམ་སྤྲོད་པའི་འཕྲུལ་ཆས་ཨིནམ་ལས་ ལྷན་ཁག་གིས་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་མི་དེ་ གནས་སྐབས་ལེགས་ཤོམ་ཅིག་ ཨིན་མས་ཟེར་བའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *