ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་ལས་རིམ་ སྦྱོང་ཚན་གཏན་འཁེལ་མ་བཟོ་བར་ཡོདཔ།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་བསྐྱར་ཞིབ་འབད་བའི་སྐབས་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་ལས་རིམ་དེ་ ག་གིས་ལག་ལེན་འཐབ་ནི་ཨིན་ན་ ཤེས་རིག་དང་ ལས་གཡོག་ལྷན་ཁག་༢ ཀྱིས་ ད་ལྟོའི་བར་ན་ཡང་ ཐག་བཅད་མ་ཚུགས་པར་ ཡོད་མི་ལུ་བརྟེན་ བློ་ཕམ་བྱུང་ཡི་ཟེར་གསུངས་ཡི།
དེ་བསྒང་ ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་གིས་ ཞུ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ གནས་སྐབས་དང་ ཐབས་ཤེས་ཚུ་ གཅིག་མཚུངས་སྦེ་ བརྗེ་སོར་དང་ ལཱ་འབད་ནིའི་དོན་ལས་ ཤེས་རིག་ལྷན་ཁག་དང་ གྲོས་འཛོམས་ཐེངས་༢ འཚོགས་ཅི་ཟེར་ཨིན་པས།
ཨིན་རུང་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་གྱི་ སྦྱོང་ཚན་ནང་ ད་ལྟོའི་ཆོས་ཚན་ལས་ མ་འདྲཝ་ཡོད་པའི་ཁར་ ལག་རྩས་ཤེས་ཡོན་ མཇུག་བསྡུ་ནི་ལུ་ ལག་ལེན་དངོས་བསྟར་གྱི་ དུས་ཚོད་མངམ་དགོཔ་ཡོདཔ་བཞིན་དུ་ གལ་སྲིད་ དེ་ཚུ་ གྲུབ་མ་ཚུགས་པ་ཅིན་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་གྱི་ ལག་ཁྱེར་མི་འཐོབ་ནི་ཨིནམ་ལས་ ལག་རྩལ་ཆོས་ཚན་བཟོ་ནི་ལུ་ འོས་འབབ་ཅིག་ མ་མཐོང་ཟེར་ དྲུང་ཆེན་གྱིས་ ཞུ་ཡི།
དེ་ལས་ དམིགས་བསལ་དུ་ ནང་རིག་དང་ ཚོང་རིག་ཆོས་ཚན་ ལྷབ་སྦྱང་འབད་མི་ སློབ་ཕྲུག་ཚུ་གིས་ ལག་རྩལ་ཤེས་ཡོན་བལྟ་ནི་ལུ་ ལཱ་ཁག་གཏང་ནི་ཨིན་པའི་ ཚ་གྱང་སྐོར་ལས་ ཤེས་རིག་ལྷན་ཁག་གིས་ བཤད་དེ་ཡོད་ཟེར་ ཞུ་བའི་ཁར་ ཆོས་ཚན་དང་འཁྲིལ་ཏེ་ རྩ་གཞུང་ཚུ་ བསྒྱུར་བཅོས་འབད་ཚུགས་ནི་མས་ཟེར་ཞུ་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ རྩ་གཞུང་ཚུ་ བསྒྱུར་བཅོས་འབད་དགོཔ་མེདཔ་ལས་ བརྒྱ་ཆ་༧༠ དེ་ཅིག་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་དང་ གཞན་ཚུ་ ཨིང་སྐད་དང་ དངུལ་འབྲེལ་ དེ་ལས་ རྩིས་ལྷབ་ནིའི་ ལས་རིམ་ཚུ་ བཙུགས་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ ཆོས་ཚན་རྐྱངམ་གཅིག་ལུ་ བརྟེན་སྡོད་དགོཔ་མེདཔ་ལས་ འོས་འབབ་ཅན་གྱི་ ཐབས་ཤེས་གཞན་ཚུ་ བཏོན་དགོཔ་བཞིན་དུ་ ལག་རྩལ་ཤེས་ཡོན་ལྷབ་སྦྱང་འབད་མི་ཚུ་གིས་ ལག་རྩལ་ལུ་བརྟེན་ འོང་འབབ་བཟོ་ཚུགས་དགོ་ཟེར་ཨིན་པས།
གཏན་འཇགས་ཀྱི་སློབ་ཕྲུག་ སློབ་རིམ་༡༡ པ་ང་༡༢ པ་ཚུ་གིས་ ད་ལྟོ་ཡོད་མི་ སློབ་རིམ་༡༠ པའི་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་གྱི་ རྩ་གཞུང་ལྷབ་སྦྱང་འབད་མི་ཚུགས་ནི་ཨིནམ་ལས་ ལག་རྩལ་ཤེས་ཡོན་ ལྷབ་ནི་ལུ་ གདམ་འཐུ་འབད་བའི་སྐབས་ སློབ་རིམ་༡༠ པ་དང་༡༢ པའི་དོན་ལུ་བཟོ་མི་ ལག་རྩལ་ཤེས་ཡོན་གྱི་ རྩ་གཞུང་ཚུ་ ལྷབ་སྦྱང་འབད་ཚུགསཔ་དགོཔ་དེ་ གལ་ཅན་ཅིག་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འཆར་དངུལ་གྱིས་མ་དོ་བར་ ལཱ་རྩ་འགེངས་འབད་དགོཔ་དེ་ ཁག་ཆེཝ་ལས་ ལས་གཡོག་ལྷན་ཁག་གིས་ གཙོ་རིམ་བཟུང་དགོ་ཟེར་ གསུངས་པའི་ཁར་ ཤེས་རིག་དང་ ལས་གཡོག་ལྷན་ཁག་ལུ་ བཤད་ལུགས་མ་འདྲཝ་འདུག་ཟེརགསུངས་ཡི།
ཤེས་རིག་ལྷན་ཁག་གི་ ལས་འབྲེལ་བསྐྱར་ཞིབ་འབདཝ་ད་ བློན་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་༢ ཀྱིས་ ག་ཅི་ཡང་ འབད་དེ་མེདཔ་ལས་ བློ་ཕམ་བྱུང་ཡི་ཟེར་ཨིནམ་ད་ ལྷན་ཁག་༢ དང་ བློན་ཆེན་གྱི་བར་ན་ འཕྲལ་མགྱོགས་ར་ ཞལ་འཛོམས་ཅིག་ འཚོགས་དགོ་པའི་སྐོར་ལས་གསུངས་ཡི།
རྒྱལ་ཡོངས་ཚོགས་སྡེ་གིས་ ཆོས་ཚན་༤ པ་སྦེ་ བཙུགས་ནི་ལུ་ ཤེས་རིག་ལྷན་ཁག་ལུ་ ལྕོགས་གྲུབ་དང་ གྲ་སྒྲིག་ག་དེ་སྦེ་ཡོད་ག་ དྲི་དཔྱད་འབད་དེ་ཡོདཔ་བཞིན་དུ་ འདས་པའི་ཚོགས་བཞུགས་ནང་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་ལམ་ལུགས་དེ་ སྒྲིང་སྒྲི་བཟོ་དགོཔ་སྦེ་ གྲོས་འདེབས་ཕུལ་ནུག།
གཞུང་གིས་ ཁས་བླངས་འབདཝ་བཞིན་དུ་ དུས་ཅི་ སློབ་དུས་ལས་ སློབ་རིམ་༡༠ པ་ལས་ འཕྲོ་མཐུད་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་ལུ་ གཞུང་གིས་ སློབ་གཉེར་གྲོགས་རམ་ཐོག་ལས་ སློབ་རིམ་༡༡ པའི་ ནང་ འཛུལ་ཞུགས་འབད་ནུག།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ལོ་བསྟར་ཤེས་རིག་གྲོས་འཛོམས་སྐབས་ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༡༡ པ་དང་༡༢ པའི་ནང་ ཆོས་ཚན་༤ སྦེ་ ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་གསརཔ་ཅིག་ འགོ་བཙུགས་ནི་སྦེ་ གྲོས་ཆོད་བྱུང་སྟེ་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
ལག་རྩལ་དང་ འཕྲུལ་རིག་ཤེས་ཡོན་ཆོས་ཚན་དེ་ཡང་ ནང་རིག་དང་ ཚན་རིག་ དེ་ལས་ ཚོང་རིག་ཆོས་ཚན་དང་ འདྲན་འདྲ་འོང་ནི་ཨིན་པའི་ཁར་ སྤྱི་ལོ་༢༠༢༠ གི་ སློབ་དུས་ལས་ འགོ་བཙུགས་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *