ལག་རྟགས་ཡོད་མི་ ཤོག་སྒྲོམ་ཅིག་ བཱསི་ནང་གས་ཡོདཔ།

༉ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ ཐིམ་ཕུག་དང་ དགེ་ལེགས་ཕུག་གི་བར་ན་ རྒྱུན་འགྲུལ་འཐབ་མི་ མི་མང་སྐྱེལ་འདྲེན་བཱསི་ནང་ ལག་རྟགས་ཤོག་སྒྲོམ་ཅིག་ གས་མི་ལུ་བརྟེན་ འགྲུལ་པ་ཚུ་ལུ་ འཇིགས་སྣང་སྦོམ་བྱུང་ཡོད་རུང་ མི་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུང་པས།

རྐྱེན་ངན་དེ་ཡང་ བཱསི་དེ་ ཐིམ་ཕུག་ལས་ དགེ་ལེགས་ཕུག་ལུ་ འགྱོ་བའི་སྐབས་ རྩི་རང་དང་ དར་དཀར་ནང་འགྱོ་སའི་ ལམ་རྒྱ་གྲམ་གྱི་ ཉེ་འདབས་ལུ་ལྷོདཔ་ད་ སྣུམ་འཁོར་འཕྲུལ་ཨམ་ཐོག་ཁར་བཞག་མི་ ཤོག་སྒྲོམ་དེ་ གས་སོཔ་ལས་ དེད་གཡོགཔ་གི་ རྒྱབ་ཁར་ཡོད་མི་ བཱསི་གི་སྒོ་ཅུང་༢ མེད་བཏང་ཡོདཔ་ད་ དེ་བསྒང་ མི་མང་སྐྱེལ་འདྲེན་ནང་ ཚར་ཅིག་ས་སྨུག་བཟུམ་སྦེ་ རྫས་རླུང་གིས་ གང་སོང་ནུག།
དེ་འཕྲོ་ལས་ བཱསི་ནང་ཡོད་མི་ འགྲུལ་པ་༡༩ ག་ར་ གས་རྫས་དེ་ དུག་ཡོད་མེད་ཀྱི་ བརྟག་དཔྱད་འབད་བར་ རྩི་རང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
སྨན་ཁང་ནང་ ཌོག་ཊར་གྱིས་ བརྟག་དཔྱད་འབདཝ་ད་ གས་རྫས་དེ་ལུ་ དུག་མེད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ ལག་རྟགས་ནང་ ཁྱེགས་སྒྲོམ་དང་ བསིལ་རླུང་ནང་ ལག་ལེན་འཐབ་མི་ རྫས་རླུང་ཨེཆ་སི་ཨེམ་སི་༢༢ འབད་མི་དེ་ གས་སོང་ནུག་ཟེར་ཨིན་པས།
ལག་རྟགས་དེ་ཡང་ ཐིམ་ཕུག་ལུ་ སྒྲོལ་མ་ཚོང་ལས་ཀྱིས་ དགེ་ལེགས་ཕུག་ འཇིགས་མེད་གླིང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་ལུ་ སྦྱོང་བརྡར་ནང་ ལག་ལེན་འཐབ་ནིའི་དོན་ལུ་ བསྐྱལ་ཡོདཔ་ཨིན་པས།
དེད་གཡོགཔ་དེ་གིས་ ལག་རྟགས་ཀྱི་ ཁ་གསལ་སྐོར་ལས་ དྲི་བཀོད་ག་ནི་ཡང་ མ་འབད་བར་ ལེན་ཡོདཔ་ལས་ སྣུམ་འཁོར་གྱི་ ཡིག་ཆ་ཚུ་ག་ར་ འཕྱོག་བཟུང་འབད་ཡོདཔ་མ་ཚད་ ཚོང་ལས་ཀྱི་ ཇོ་བདག་ལུ་ཡང་ འཕྲལ་མགྱོགས་ར་ དྲི་ཞིབ་འབད་ནི་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ མ་འོངས་པར་ དེ་བཟུམ་མའི་ རྐྱེན་ངན་དེ་ བཀག་ཐབས་ལུ་ མི་མང་གི་ འགྲུལ་སྐྱེལ་བཱསི་ཚུ་ནང་ གས་རྫས་ཀྱི་ ཞིབ་དཔྱད་ཚུ་ འབད་དགོཔ་འདུག་ཟེར་ཨིནམ་ད་ གནད་དོན་དེ་ ཞིབ་དཔྱད་མཐིལ་ཕྱིན་འབད་ནི་དང་ དང་ལེན་གྱི་དོན་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱལ་འདྲེན་དབང་འཛིན་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ་དང་ ནིར་མ་ལ་པོ་ཁེ་རེལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *