ལག་ཁྱེར་རྫུས་མ་བཟོ་བའི་རྩོད་བཤེར་ ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་གིས་ མཐོ་རིམ་ཤེས་ཚད་ཀྱི་ལག་ཁྱེར་ རྫུས་མ་བཟོ་སྟེ་ ལཱ་གཡོག་ནང་འཛུལ་ནིའི་ དཔའ་བཅམ་འབད་བའི་རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༠ ལུ་ བཤེར་ཡིག་བཙུགས་མི་དང་འཁྲིལཝ་ད་ པདྨ་དགའ་ཚལ་རྫོང་ཁག་ ན་ནོང་རྒེད་འོག་ ཚ་ཚི་ལས་ཨིན་མི་ རྡོ་རྗེ་ཆོས་གྲུབ་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༢༩ ལུ་ ལོད་སྦིས་ས་ རང་བཞིན་འཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ ཞིབ་རོགས་བདག་སྐྱོང་འགོ་དཔོན་གྱི་དོན་ལུ་ ས་སྟོང་གསལ་བསྒྲགས་འབད་བའི་སྐབས་ ཁོ་གིས་ ཡིག་ཆ་བཙུགས་ཡོད་མི་དེ་ལུ་ མི་ཅིག་གིས་ སློབ་གྲྭ་ལུ་བརྒྱུད་འཕྲིན་བཏང་སྟེ་ སྙན་ཞུ་འབད་བའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ བདའ་ཟུན་ཡོདཔ་ཨིན་པས།
ཁོ་ར་ དེ་གི་ཧེ་མར་ མཐོ་རིམ་སློབ་གྲྭ་དེ་ནང་ མཛོད་གཉེར་པའི་ ལཱ་འབད་དེ་སྡོད་ཡོདཔ་ད་ སྙན་ཞུ་ཐོབ་པའི་ཤུལ་ལས་ ཞིབ་དཔྱད་འབདཝ་ད་ ཁོ་གིས་བཙུགས་མི་ ཡིག་ཆ་ཚུ་ རྫུས་མ་ཨིནམ་ཤེས་པའི་ཤུལ་ལས་ འགོ་ཐོག་བཙག་འཐུ་མ་འབདཝ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་ ཁྲིམས་དོན་ཡིག་ཚང་བརྒྱུད་དེ་ སྤུ་ན་ཁ་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྙན་ཞུ་ལྷོད་པའི་ཤུལ་ལས་ སྤུ་ན་ཁ་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཡིག་ཆ་ཚུ་ རྫུས་མ་བཟོ་ཡོདཔ་ངེས་བདེན་ཨིན་པའི་ ཤེས་རྟོགས་བྱུང་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་བཙུགས་མི་ བཤེར་ཡིག་ནང་ བཀོད་དེ་ཡོདཔ་ད་ དེ་ཡང་ ཉེས་འཛུགས་ཅན་གྱིས་ ས་སྟོང་གསལ་བསྒྲགས་འབད་བའི་སྐབས་ ལཱ་གཡོག་དེ་གི་དོན་ལུ་ མཐོ་རིམ་ཤེས་ཚད་ཡོད་མི་དགོཔ་སྦེ་ ཡོད་ནི་དེ་གིས་ ཁོ་གིས་ སྤྱི་ལོ་༢༠༡༧ ལུ་ རྒྱ་གར་གྱི་མངའ་སྡེ་ བེང་ག་ལུར་གྱི་ གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་གི་ མཐོ་རིམ་ཤེས་ཚད་མཇུག་བསྡུ་ཡོདཔ་སྦེ་ བཟོ་ཡོད་པའི་ཁར་ སློབ་རིམ་༡༠ པ་དང་༡༢ པའི་ ལག་ཁྱེར་ཚུ་ཡང་ སྐུགས་ཚད་མཐོ་སུ་སྦེ་བཟོ་སྟེ་ བཙུགས་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱིས་ ལག་ཁྱེར་རྫུས་མ་བཟོ་ནུག་ཟེར་མི་ ལག་ཁྱེར་དེ་ནང་ མཐོ་རིམ་ཤེས་ཚད་ནང་ ཁོ་གིས་ སྐུགས་ཚད་བརྒྱ་ཆ་༨༡ ཐོབ་ཡོད་པའི་ཁར་ སློབ་རིམ་༡༢ པའི་ནང་ལས་ སྐུགས་ཚད་བརྒྱ་ཆ་༧༨.༦ ཐོབ་ཡོདཔ་སྦེ་བཟོ་ནུག་ཟེར་ ཉེས་འཛུགས་ནང་ བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་ཚབ་ཀྱིས་ བཤེར་ཡིག་བཙུགས་མིའི་ནང་ ཉེས་འཛུགས་ཅན་གྱིས་ ལག་ཁྱེར་ཚུ་ རྫུས་མ་བཟོ་ཡོད་པའི་ རྫུན་ཁ་བཟེད་པའི་ཁར་ ཁོ་གིས་ བེང་ག་ལུར་གཙུག་ལག་སློབ་སྡེ་ནང་ སྤྱི་ལོ་༢༠༡༤ ལས་༢༠༡༧ གྱི་བར་མཚམས་ཚུན་ དཔེ་ཆ་ལྷབ་ཡོདཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སློབ་རིམ་༡༢ པའི་ ལག་ཁྱེར་རྫུས་མ་ནང་ ཨོ་རྒྱན་རིག་པའི་འབྱུང་གནས་ལས་ སྐུགས་ཚད་༧༨.༦ ཐོབ་ཡོདཔ་སྦེ བཟོ་མི་དེ་ཡང་ རྫུས་མ་ཨིན་པའི་ ཤེས་རྟོགས་བྱུང་མི་དེ་ཡང་ སྐུགས་ཚད་དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ གཙུག་ལག་སློབ་སྡེ་ཚུ་ནང་ འཕྲོ་མཐུད་ཤེས་ཡོན་ལྷབ་ནིའི་ གོ་སྐབས་ཐོབ་ཚུགས་པའི་ སྐུགས་ཚད་ཨིནམ་ལས་ ལཱ་ཁག་སྦེ་ ཕྱིའི་རྒྱལ་ཁབ་ནང་ ཆོས་ལྷབ་པར་ འགྱོ་དགོཔ་མེད་པའི་ཁར་ མཛོད་གཉེར་གྱི་ ལཱ་གཡོག་ནང་ཡང་ འཛུལ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ལག་ཁྱེར་རྫུས་མ་བཟོ་མིའི་ནང་ ཝམ་རོང་འབྲིང་རིམ་སློབ་གྲྭ་བར་ནང་ལས་ སྐུགས་ཚད་༦༩.༢ ཐོབ་ཡོདཔ་ད་ སྐུགས་ཚད་དེ་གིས་ ངོ་མ་འབད་བ་ཅིན་ གཞུང་གི་སློབ་གྲྭ་ནང་ འཕྲོ་མཐུད་ཤེས་ཡོན་ལྷབ་ནིའི་ གོ་སྐབས་ཡོདཔ་ལས་ ཏི་རུ་སྤྲོད་དེ་ ལྷབ་དགོ་པའི་དོན་དག་མེད་པའི་ཁར་ ལག་ཁྱེར་ངོ་མའི་ནང་ ཁོ་གིས་ སློབ་རིམ་༡༠ པའི་ སྐུགས་ཚད་བརྒྱ་ཆ་༥༧.༦ ལས་ མ་ཐོབ་པས་ཟེར་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ཁོ་གི་ སློབ་གྲྭའི་ཡིག་ཆ་ངོ་མ་ཚུ་ མེ་རྐྱེན་ནང་ཤོར་བའི་ཤུལ་ལས་ ཐབས་མེད་པར་ རྒྱ་གར་ ཀུཆ་ བི་ཧར་མངའ་སྡེ་ལས་ རྫུས་མ་བཟོ་སྟེ་ འབག་འོང་དགོཔ་ཐོན་ཡི་ཟེར་བཤད་ཡོད་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༣ ལུ་ ཝམ་རོང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ སྤྱི་ལོ་༢༠༠༥ ལུ་ ཨོ་རྒྱན་རིག་པའི་འབྱུང་གནས་ལས་ སློབ་རིམ་༡༢ པ་ མཇུག་བསྡུ་སྟེ་༢༠༠༧ ལུ་ ལོད་སྦིས་ས་ལུ་ཡོད་མི་ རང་བཞིན་འཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ མཛོད་གཉེར་པ་སྦེ་ འཛུལ་ཡོདཔ་ཨིན་པས།
བྱ་ངན་དེ་ ཁོ་གིས་ འགོ་དཔོན་ཚུ་ལུ་ མགུ་སྐོར་རྐྱབ་ནི་དང་ ལཱ་གཡོག་གི་ ས་སྟོང་ཐོན་མི་དེ་ནང་ བཅའ་མར་གཏོགས་མི་ ཆ་རོགས་གཞན་ཚུ་ལུ་གནོད་པའི་ ཐབས་སྒྲིག་འབད་བའི་ ལཱ་བྱ་ཅིག་ཨིནམ་ལས་ དྲང་ཁྲིམས་སྨིན་དགོཔ་འདུག་ཟེར་བཀོད་ནུག།
ཁོ་གིས་འབད་མི་དེ་ མི་གཞན་གྱི་ཐོབ་དབང་ལུ་ གཡོ་སྒྱུ་དང་ མགུ་སྐོར་ དེ་ལས་ གནོད་ཉེན་འབད་ནིའི་དོན་ལུ་ བསམ་སྦྱོར་ངན་པའི་ཐོག་ལས་ ཡིག་ཆ་གསུམ་རྫུས་མ་བཟོ་སྟེ་ཡོད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ གི་ དོན་ཚན་༢༩༦ པའི་ ཀ་པ་དང་ དོན་ཚན་༢༩༧ པའི་ ཇ་པ་དང་འཁྲིལ་ ཉེས་ཁྲིམས་བཀལ་དགོ་པའི་ ཉེས་འཛུགས་འབད་དགོཔ་འདུག་ཟེར་ ཉེས་འཛུགས་འབད་ཡོདཔ་ད་ བཤེར་ཡིག་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *