ལ་ཡཔ་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྡོ་རྗེ་མཁའ་འགྲོ་ གདམ་འཐུ་འབད་ཡོདཔ།

༉ ལ་ཡཔ་ཚུ་གིས་ ཟླཝ་༢ དེ་ཅིག་གི་རིང་ སྤུ་ན་ཁ་ལུ་ སྡོད་པའི་ཤུལ་ལས་ གནམ་བྱཱར་གྱི་ རྒྱགས་སྐལ་ཚུ་འབག་སྟེ་ ལོག་ལ་ཡ་ལུ་ འགྱོ་དོ་ཡོདཔ་ཨིན་རུང་ རྒེད་འོག་ལྟེ་བའི་ནང་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ ཁོང་ཆ་ཁྱབ་ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གི་གྲས་ལས་ སྐྱེས་ལོ་༣༩ ལང་མི་ ཕུརཔ་ཚེ་རིང་གིས་ གྱལ་གྱི་སྦུག་ལས་ ཁོང་གིས་འབག་འོང་མི་ ངོས་འཛིན་འདྲ་པར་དེ་ ངོ་མ་ཨིན་ན་མེན་ནའི་སྐོར་ལས་ འགོ་དཔོན་ཚུ་ལུ་ དྲིས་ཡོདཔ་ཨིན་པས།

ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་གིས་ ངོས་འཛིན་འདྲ་པར་༢ འབག་འོང་ཡོདཔ་ལས་ ངོ་མ་ག་ཨིན་ན་ མ་ཤེས་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མི་འཐོབ་ནི་མས་ཟེར་བའི་ ཚ་གྱང་ལང་ཡི་ཟེར་ཨིནམ་ད་ ཚོགས་པ་གིས་ གནད་དོན་དེ་གི་སྐོར་ལས་ བརྡ་དོན་སྤྲོད་དགོཔ་ ཁག་ཆེ་ཟེར་ཨིན་པས།

མགར་ས་རྫོང་ཁག་ ལ་ཡ་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༦༨༦ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཨིན་རུང་ འཛོམས་འདུའི་སྐབས་ བརྒྱ་ཆ་༤༨ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ རྒེད་འོག་ནང་ དོ་འགྲན་འབད་མི་ གཞན་མེདཔ་ལས་ རྡོ་རྗེ་མཁའ་འགྲོ་གིས་ མི་༣༠༠ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་མི་ལས་ དགོ་ཟེར་བའི་ཚོགས་རྒྱན་༢༩༥ དང་ མི་དགོའི་ཚོགས་རྒྱན་༢༣ ཐོབ་ཡོདཔ་ཨིན་པས།

འཛོམས་འདུ་སྐབས་ མི་རྩིས་སྤུ་ན་ཁ་ལུ་ སྤོ་ཡོད་མི་༢ ཡང་ ཚོགས་རྒྱན་བཙུགས་པར་ འོང་ཡོད་རུང་ ཚོགས་རྒྱན་མ་བཙུགས་པར་ ལོག་འགྱོ་དགོཔ་ ཐོན་ཡོདཔ་ད་ དེ་ཁར་ ཚོགས་རྒྱན་མཇུག་ར་ སྐྱེས་ལོ་༦༢ ལང་མི་ བསྟན་པ་བཀྲིས་ཀྱིས་ བཙུགས་ཡོདཔ་ཨིན་པས།

ལྷ་མོ་གིས་ སླབ་མིའི་ནང་ གདམ་ངོ་ཉུང་སུ་སྦེ་ཡོད་པའི་སྐབས་ ཚོགས་རྒྱན་བཙུགས་ནི་ལུ་ འཇམ་མས་ཟེར་ཨིནམ་ད་ རྒེད་འོག་ནང་ གོང་འཕེལ་དེ་ འདེམས་ངོ་ཚུ་ལུ་ རག་ལས་ནི་ཨིནམ་ལས་ གདམ་ངོ་ག་འབད་རུང་ ལྕོགས་གྲུབ་ཅན་ དགོ་ཟེར་ཨིན་པས།

དེ་ལས་ སྤྱི་ཟླ་༣ པའི་ཚེས་༦ ལུ་ སྦྱིས་ཤོང་སློབ་གྲྭ་ལྟེ་བའི་ནང་ ཁ་སྨད་རྒེད་འོག་གི་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་དེ་ནང་ ཚོགས་རྒྱན་བཙུགས་མི་༤༩༧ ཐོ་བཀོད་འབད་མི་དེ་ རྫོང་ཁག་ནང་ལས་ མཐོ་ཤོས་༣ པ་ཨིནམ་ལས་ འཛོམས་འདུ་ནང་ བརྒྱ་ཆ་༥༠ དེ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།

འཛོམས་འདུ་སྐབས་ གནམ་གཤིས་ལེགས་ཤོམ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་ ཆུ་ཚོད་༡༠ དེ་ཅིག་ཁར་ ལྷོདཔ་ད་ དྲོ་པ་ཧ་སག་ལྷོད་མི་ཚུ་ ངོས་འཛིན་འདྲ་པར་ གསརཔ་ལེན་པར་ ལོག་ཁྱིམ་ནང་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།

ཧེ་མའི་ ཁ་སྨད་ལུང་ནག་ནང་གི་གདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ དགོ་ཟེར་བའི་ཚོགས་རྒྱན་ བསྡོམས་༡༦༣ ཐོབ་ཡོདཔ་ད་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་མི་ ཐོ་བཀོད་འབད་མི་ལས་ བརྒྱ་ཆ་༣༠ དེ་ཅིག་གིས་ ཚོགས་རྒྱན་མ་བཙུགས་པས།

དེ་བཟུམ་སྦེ་ ལུང་ནག་ནང་རྒེད་འོག་གི་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒེད་འོག་དེ་ནང་ལས་ དོ་འགྲན་འབད་མི་ གདམ་ངོ་མེདཔ་བཞིན་དུ་ རྒེད་འོག་དེ་ རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་༢ པ་ཨིན་པས།

མགར་ས་རྫོང་ཁག་གིས་ གདམ་ངོ་༣ གདམ་འཐུ་འབད་མི་དེ་ཡང་ ཁ་སྟོད་རྒེད་འོག་ལས་ ཌོག་ཊར་ཕུརཔ་རྡོ་རྗེ་དང་ ཁ་སྨད་རྒེད་འོག་ལས་ ཀུན་ལེགས་རྡོ་རྗེ་ དེ་ལས་ ལ་ཡ་རྒེད་འོག་ལས་ རྡོ་རྗེ་མཁའ་འགྲོ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *