ན་ཧིང་ དགའ་སྟོན་སྐབས་ ལ་ཡའི་ཨམ་སྲུ་དང་ བུམོ་ན་གཞོན་ཚུ་གིས་ རང་ལུགས་ཀྱི་ གྱོན་ཆས་གྱོན་ཐོག་ལས་ སྐུ་མགྲོན་ཚུ་ ཕེབས་བསུ་ཞུ་ནིའི་དོན་ལས་ གྲ་སྒྲིག་འབད་བའི་བསྒང་།

ལ་ཡ་ལུ་ ལ་གོང་གསུམ་གྱི་ ལམ་སྲོལ་དང་ ཁྱད་ཆོས་བཟང་པོ་ཚུ་ གསལ་སྟོན་འབད་ནི།

༉ མགར་ས་རྫོང་ཁག་ ལ་ཡ་ལུ་ རྒྱལ་འཛིན་ལ་ཁའི་དགའ་སྟོན་ཐེངས་༤ པ་དེ་ བརྩི་སྲུང་འབད་ནིའི་དོན་ལུ་ ད་ལྟོ་ འབྲེལ་ཡོད་ལས་སྡེའི་ འགོ་དཔོན་དང་ ལས་བྱེདཔ་ཚུ་ འུར་བྱེལ་ལང་སྟེ་ཡོདཔ་ཨིན་པས།

མགར་ས་རྫོང་བདག་ རིག་འཛིན་དཔལ་འབྱོར་གྱིས་ སླབ་མིའི་ནང་ དགའ་སྟོན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༣ དང་༢༤ ལུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ནིའི་དོན་ལས་ བཅའ་སྒྲིག་ཚུ་ ཧ་ལམ་རྐྱབ་ཚར་དོ་ཟེར་ཨིན་པས།

རྫོང་བདག་གིས་འབད་བ་ཅིན་ རྒྱལ་འཛིན་ལ་ཁའི་དགའ་སྟོན་འགོ་འདྲེན་འཐབ་མིའི་ དམིགས་ཡུལ་གཙོ་བོ་ར་ ལ་གོང་གསུམ་གྱི་ མཐུན་མོང་མ་ཡིན་པའི་ སྔར་སྲོལ་ལམ་ལུགས་དང་ ཁྱད་ཆོས་བཟང་པོ་ཚུ་ ཡལ་ཉམས་མེད་པར་ རྒྱུན་འཛིན་འབད་དེ་ བཞག་ཡོད་པའི་སྐོར་ གསལ་སྟོན་འབད་ནི་དང་ ཁོང་རའི་ཐོན་སྐྱེད་ཚུ་ བཙོང་ཐོག་ལས་ འོང་འབབ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།

དགའ་སྟོན་དེ་ནང་ རྫོང་ཁག་༩ ལས་ ལ་གོང་གསུམ་གྱི་ མི་སེར་ཚུ་གིས་ཡང་ བཅའ་མར་གཏོགས་ཐོག་ལས་ རང་སོའི་བརྩི་མཐོང་དང་ གོམས་གཤིས་ཚུ་ བརྗེ་སོར་འབད་ནི་དང་ ཐོན་སྐྱེད་ཚུ་ཡང་ ཚོང་འབྲེལ་འཐབ་འོང་ཟེར་ ནངས་པར་ལ་ཡ་ལུ་ འགྱོ་ནི་ཨིན་མི་ རྫོང་བདག་རིག་འཛིན་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

མགར་ས་རྫོང་ཁག་མ་བརྩིས་བར་ ལ་གོང་གསུམ་གྱི་གྲངས་སུ་ཚུད་མི་ རྫོང་ཁག་གཞན་ཚུ་ཡང་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ ཀྲོང་གསར་ བུམ་ཐང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེ་ཚུ་ཨིན་པས།

དགའ་སྟོན་ནང་ ལས་རིམ་སྣ་ཚོགས།

རྒྱ་མཚོའི་གནས་ཚད་ལས་ཡར་ མི་ཊར་༣,༨༠༠ དེ་ཅིག་གི་ ས་ཁར་ཆགས་མི་ ལ་ཡ་གཡུས་སྒོའི་ལྟག་ལུ་ གླང་མགོ་ཐང་ཟེར་སར་ དགའ་སྟོན་བརྩི་སྲུང་སྐབས་ ས་གནས་ཀྱི་ མི་སེར་ཚུ་གིས་ སྐུ་མགྲོན་གཙོ་བོ་ལུ་ ཨའུ་ལེགས་འཐེན་ཐོག་ལས་ སྔར་སྲོལ་གྱི་ འབུལ་བ་ཕུལ་ནི་ཨིནམ་ད་ ཨའུ་ལེགས་དེ་ དེ་བསྒང་ ཆོས་སྲིད་ཟུང་འབྲེལ་གྱི་ དབུ་ཁྲིད་སྦེ་བཞུགས་མི་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་ འགྱུར་བ་མེད་པའི་ དད་དམ་དང་ གུས་ཞབས་ཡོད་པའི་ བརྡ་མཚོན་ལུ་ ལ་ཡའི་མི་སྡེ་གིས་ འཐེན་ཏེ་ཕུལ་ཞིནམ་ལས་ཚུར་ ལམ་སྲོལ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

རྫོང་བདག་གིས་ སླབ་མིའི་ནང་ དགའ་སྟོན་སྐབས་ལུ་ མི་སེར་དང་ སློབ་ཕྲུག་ཚུ་གིས་ རང་ལུགས་ཀྱི་ གྱོན་ཆས་ཚུ་ གྱོན་ཐོག་ལས་ སྤྲོ་སྟོན་ལས་རིམ་སྣ་ཚོགས་ སྤྱན་འབུལ་ཞུ་ནི་དང་ འབྲུག་གློག་བརྙན་ཚོགས་པའི་ འཐུས་མི་སྡེ་ཚན་ཅིག་གིས་ ཐུགས་སྤྲོའི་ལས་རིམ་ ཕུལ་ནི་གི་ ལས་འཆར་འདུག་ཟེར་ཨིན་པས།

ལས་རིམ་གཞན་ཚུ་གི་གྲས་ལས་ ལ་གོང་གསུམ་གྱི་ ལ་ནོར་གཡག་དང་ རྟ་རྒྱུག་འགྲན་བསྡུར་ དེ་ལས་ འབྱོག་ཁྱིའི་འགྲན་བསྡུར་ཚུ་ཡང་ཡོད་རུང་ དེ་ཚུ་ ག་ར་ ལོ་བསྟར་གྱི་ ལས་སྣ་ཨིནམ་ལས་ མ་འདྲཝ་ཅིག་ ག་ནི་ཡང་མེད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

ད་རུང་ དགའ་སྟོན་གྱི་ ས་ཁོངས་ནང་ གཡག་གི་ཐོན་སྐྱེད་དང་ ཅ་ཆས་ སོ་ནམ་གྱི་ཐོནསྐྱེད་ སྔོ་སྨན་ལ་སོགས་པ་ཚུ་ཡང་ བཙོང་ནི་ཨིན་པས།

རྒྱལ་འཛིན་ལ་ཁའི་དགའ་སྟོན་གྱི་ དམིགས་བསལ་ལས་རིམ་ཅིག་ སྤོང་ཇོ་ཐང་ལས་ གླང་མགོ་ཐང་ཚུན་ ལམ་ཀི་ལོ་མི་ཊར་༢༥ བང་རྒྱུག་འགྲན་བསྡུར་འགོ་འདྲེན་འཐབ་མི་དེ་ཨིནམ་ད་ དུས་ཅི་ཡང་ ཕོ་མོ་གཉིས་ཆ་རའི་ བང་རྒྱུག་འགྲན་བསྡུར་ཡོདཔ་ཨིན་པས།

དགའ་སྟོན་དེ་གི་ཐོག་ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོ་ལས་ ལྟདམོ་བལྟ་བར་ འོང་མི་དང་ ཕྱིའི་མགྱོནམ་ཚུ་གིས་ ལ་གོང་གསུམ་གྱི་ སྔར་སྲོལ་ལམ་ལུགས་དང་ བརྩི་མཐོང་ ཁྱད་ཆོས་ ངོ་རྟགས་ཚུ་ ཧ་གོ་ཚུགས་ནི་དང་ ཡིད་ཆེས་བསྐྱེད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

དགའ་སྟོན་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༦ ལུ་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་པའི་ དུས་སྟོན་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ དེ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ མི་ལོ་༤༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ཐབས་ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས།

དགའ་སྟོན་དེ་ མགར་ས་རྫོང་ཁག་དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གཉིས་ འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་ཅིའི་ དགའ་སྟོན་དེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ འགོ་འབྱེད་གནང་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *