རྡོ་རྗེ་མཁའ་འགྲོ།

ལ་ཡ་རྒེད་འོག་གིས་ སྤྱི་ཚོགས་ཀྱི་འཐུས་མི་འགོ་དང་པ་ རྡོ་རྗེ་མཁའ་འགྲོ་ ཐོབ་ཡོདཔ།

༉ མགར་ས་རྫོང་ཁག་གིས་ སྐྱེས་ལོ་༣༣ ལང་མི་ རྡོ་རྗེ་མཁའ་འགྲོ་དེ་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འབད་བའི་སྐབས་ ལ་ཡ་གི་ ལུང་མགོ་གཡུས་ཚན་ལས་ སྤྱི་ཚོགས་ཀྱི་འཐུས་མི་ འགོ་དང་པ་ཐོབ་ཡོདཔ་ཨིན་པས།
དོ་འགྲན་ཅན་གྱི་ བཙག་འཐུ་གིས་ ལ་མཐོ་སའི་མི་སྡེ་ནང་ལས་ འཐུས་མི་དང་པ་ བཙག་འཐུ་འབད་ཡོདཔ་ད་ ལ་ཡ་རྒེད་འོག་གི་མི་ཚུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ལུ་ འབྲུག་ལུ་བྱོན་པའི་སྐབས་ འགོ་དང་པ་ བསུ་བ་འབད་མི་ཨིན་པའི་ཁར་ ས་གནས་དེ་ནང་ལས་ བཙག་འཐུ་གྲུབ་མི་ དང་པ་འབདཝ་ད་ སེམས་དཔའ་ཉམས་བྱུངམ་མས་ཟེར་ རྡོ་རྗེ་མཁའ་འགྲོ་གིས་བཤད་ཅི།
ཁོ་གིས་འབད་བ་ཅིན་ མི་སྡེ་ནང་ འདས་པའི་བཙག་འཐུ་ཚུ་ནང་ དོ་འགྲན་འབད་མི་ ཤེས་ཚད་ཅན་གྱི་ མི་ངོམ་མེད་པའི་ཁར་ ཁོང་གི་མི་སྡེ་ནང་ལས་ དོ་འགྲན་འབད་མི་ཡོད་པ་ཅིན་ ག་དེམ་ཅིག་ དཔའ་ཉམས་ཡོདཔ་ཨིན་ན་ མི་སྡེ་གིས་ མ་ཤེས་པས་ཟེར་ཨིནམ་ད་ མི་སེར་གྱི་ངོ་ཚབ་འབད་བའི་སྐབས་ ལ་མཐོ་སར་སྡོད་མིའི་གནས་སྟངས་ཚུ་ ཧ་གོ་དགོཔ་ཡོད་ཟེར་ཨིན་པས།
སྐྱེས་ས་སྦོམ་ས་ མགར་ས་ལུ་འབད་མི་ རྡོ་རྗེ་མཁའ་འགྲོ་གིས་ སློབ་གྲྭ་ཆུང་བའི་ཤེས་ཡོན་དེ་ མགར་ས་ལས་མཇུག་བསྡུ་སྟེ་ འབྲིང་རིམ་སློབ་གྲྭ་བར་མ་དེ་ སྤུ་ན་ཁ་ལུ་སྦེ་ སྤྱི་ལོ་༢༠༠༧ ལུ་ ལྷབ་ཡོདཔ་ད་ དེ་གི་ཤུལ་ལས་ ཁོ་གིས་ སྤྱི་ལོ་༢༠༡༢ ལུ་ ཀྲོང་གསར་དཔོན་སློབ་ སློབ་གཉེར་གྲོགས་རམ་ཐོག་ལས་ ཐའི་ལེནཌ་གི་ རཱན་སིཌ་གཙུག་ལག་སློབ་སྡེ་ནང་ལས་ མཐོ་རིམ་ཤེས་ཡོན་མཇུག་བསྡུ་ཡོདཔ་ཨིན་པས།
རྡོ་རྗེ་མཁའ་འགྲོ་དེ་ ཀྲོང་གསར་དཔོན་སློབ་ཀྱི་ སློབ་གཉེར་གྲོགས་རམ་ཐོབ་མིའི་གྲས་ལས་ བཙག་འཐུ་ནང་ གདམ་འཐུ་གྲུབ་མི་ དང་པ་ཨིན་པའི་ཁར་ ཐའི་ལེནཌ་ལུ་ སློབ་གཉེར་གྲོགས་རམ་ཐོག་ལས་ བཟོ་རིག་པའི་མཐོ་རིམ་ཤེས་ཚད་ལྷབ་མི་ སྡེ་ཚན་དང་པ་ཨིན་པས།
སློབ་གཉེར་གྲོགས་རམ་ཐོབ་པའི་ཤུལ་ལས་ ཤེས་ཡོན་སྦྱང་པར་མ་འགྱོ་བའི་ཧེ་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁོ་རའི་ཐུགས་ཀྱི་དགོངས་བཞེད་ཚུ་ གསུངས་མི་དེ་ སེམས་ཁར་བཞག་ཡོདཔ་ལས་ ཁོ་ར་ སྲིད་བྱུས་བཟོ་མིའི་ནང་ བཅའ་མར་གཏོགས་མི་དེ་གིས་ རྒྱལ་ཁམས་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འཐུས་མི་རྡོ་རྗེ་མཁའ་འགྲོ་དང་ འཐུས་མི་གཞན་༤ གིས་ ཚོགས་སྡེ་ནང་ རང་བཞིན་སླར་འབྱུང་དང་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ འཐུས་མི་སྦེ་ ལཱ་འབད་ནི་ཨིན་པས།
བཟོ་རིག་གི་ཉམས་མྱོང་ཡོད་མི་ འཐུས་མི་གིས་ ཁོ་རའི་ལཱ་གི་ཉམས་མྱོང་དེ་གིས་ རྫོང་ཁག་ནང་ གོང་འཕེལ་དང་འབྲེལ་བའི་ བཟོ་རིག་གི་ལཱ་དང་ བཟོ་སྐྲུན་གྱི་ལཱ་ཚུ་ནང་ ལྟ་རྟོག་དང་གྲོགས་རམ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ དབྱར་རྩྭ་དགུན་འབུབ་དང་ ལམ་སྲོལ་ དེ་ལས་ མགར་ས་འགོ་འདྲེན་ལ་སོགས་པའི་ལཱ་ཚུ་ནང་ རྒྱལ་ཡོངས་གནས་ཚད་ཀྱི་ སྲིད་བྱུས་ཚུ་བཟོ་སྟེ་ ཁྱད་པར་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༠༤ ལུ་ འབུབ་འཐུ་ནི་དེ་ ཁྲིམས་མཐུན་མ་བཟོ་ཚུན་ ལ་མཐོ་སར་སྡོད་མི་ཚུ་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ གཏང་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ད་ འབུབ་འཐུ་ནིའི་ལམ་ལུགས་བཟོ་བའི་ཤུལ་ལས་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིནམ་ད་ མགར་ས་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ཚུ་ནང་ ལོ་བསྟར་བཞིན་དུ་ ཐེངས་གཉིས་རེ་ ལྟ་སྐོར་འབད་དེ་ མི་སེར་གྱི་ བསམ་འཆར་ཚུ་ བསྡུ་ལེན་འབད་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོ་ར་ ལ་མཐོ་ས་ལས་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་ཀྱི་འཐུས་མི་དང་པ་ འབད་ནི་དེ་གིས་ ཁོ་གིས་ མི་སྡེ་ནང་ཡོད་མི་ ཨ་ལུ་དང་ཕམ་ཚུ་ལུ་ ཤེས་ཡོན་སྦྱང་ནི་དེ་ ག་དེམ་ཅིག་ གལ་ཆེཝ་ཨིན་ནིའི་སྐོར་ལས་ བརྩོན་ཤུགས་བསྐྱེད་བཅུག་ནི་ཟེར་ཨིནམ་ད་ ཁོ་གིས་ ན་གཞོན་ཚུ་ལུ་ དཔེ་སྟོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ཕམ་ཚུ་གིས་འབད་རུང་ ཁོ་ལུ་ དཔེ་བལྟ་སྟེ་ ན་གཞོན་ཚུ་ལུ་ བསླབ་སྟོན་བྱིན་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *