ལ་ཡ་འབྲིང་རིམ་སློབ་གྲྭ་འོག་མ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་ཡོདཔ།

༉ ལ་ཡ་གི་སློབ་ཕྲུག་ཚུ་ ཁོང་རའི་མི་སྡེ་ནང་ར་ གཞི་རྟེན་ཤེས་ཡོན་མཇུག་བསྡུ་ནིའི་ ཐབས་ལམ་ཅིག་སྦེ་ དུས་ཅི་ སློབ་དུས་འགོ་བཙུགསཔ་དང་འབྲེལ་ ལ་ཡ་འབྲིང་རིམ་སློབ་གྲྭ་འོག་མ་དེ་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ སློབ་གྲྭ་ལྟེ་བའི་མཐུན་རྐྱེན་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ རིན་བསྡུར་ཚུ་འབད་བའི་བསྒང་ཡོདཔ་ད་ མཐུན་རྐྱེན་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ལྷོད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་གྲྭ་རྒྱ་སྐྱེད་འབད་མི་དེ་གིས་ ཤེས་ཡོན་སློབ་སྟོན་དང་ ལྷབ་སྦྱང་གི་ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་ནི་ཨིནམ་མ་ཚད་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལས་ འཐོན་མི་སྡོད་ནིའི་ ཐབས་ལམ་ཅིག་ཨིན་པའི་ཁར་ ལ་ཡ་གི་སློབ་ཕྲུག་ཚུ་ གཞི་རྟེན་ཤེས་ཡོན་འཐོབ་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཐབས་བྱུས་དེ་ལུ་བརྟེན་ སློབ་གྲྭ་གིས་ འཆར་གཞི་བརྩམ་ཚུགས་པའི་ཁར་ མ་དངུལ་ཚུ་ རང་དབང་གི་ཐོག་ལས་ སྤྱོད་ཚུགས་ནི་དེ་གིས་ སློབ་གྲྭའི་འཆར་གཞི་དང་ ལས་རིམ་ཚུ་ ཐུང་ཀུ་བཟོ་ཚུགས་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
མ་གཞི་ མི་སྡེ་དེ་ནང་ འགྱུར་བ་དང་གོང་འཕེལ་ཚུ་ འགྱོ་བཞིན་དུ་ཡོད་རུང་ སློབ་ཕྲུག་ཚུ་གིས་ སློབ་གྲྭ་བཀོག་བཞག་མི་དང་ དེ་གི་ནང་ལས་ཡང་ གཞི་རྟེན་ཤེས་ཡོན་མཇུག་མ་བསྡུཝ་ལས་ སློབ་གྲྭ་བཀོག་བཞག་སར་ མཐོངམ་ཨིན་པས།
སྤྱི་ལོ་༡༠༡༦ དང་༢༠༡༧ གྱི་བར་ན་ སློབ་གྲྭ་དེ་ནང་ལས་ སློབ་ཕྲུག་༡༧ མཐར་འཁྱོལ་ཏེ་ སྦྱིས་གཤོང་སློབ་གྲྭ་ལྟེ་བ་ནང་ འཛུལ་ཞུགས་འབད་ཡོད་རུང་ ལོ་ཕྱེད་ལས་ སློབ་ཕྲུག་༣ གྱིས་ སློབ་གྲྭ་བཀོག་བཞག་ནུག།
ཨིན་རུང་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ གནས་སྟངས་དེ་ ལེ་ཤ་གིས་ ཡར་རྒྱས་སོང་སྟེ་ཡོད་ཟེར་ ཨིན་པས།
ལ་ཡ་འབྲིང་རིམ་སློབ་གྲྭ་འོག་མ་ རྒྱ་སྐྱེད་འབད་བའི་བསྒང་ལས་ རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༢ ཡོདཔ་ད་ ཁྱིམ་གུང་པ་༢༠༠ ལྷགཔ་ཅིག་དང་ སྤྱི་འོག་༥ ཡོད་པའི་རྒེད་འོག་ནང་ ལ་ཡ་སློབ་གྲྭ་རྐྱངམ་གཅིག་ལས་ མེདཔ་ཨིན་པས།
རྒེད་འོག་ནང་ ལུང་མགོ་སྤྱི་འོག་ནང་ རྒྱ་སྐྱེད་སློབ་ཁང་ཅིག་ཡང་ཡོདཔ་ད་ སློབ་ཕྲུག་མང་ཤོས་ཅིག་གིས་ སློབ་གྲྭ་ལྟེ་བ་ ལམ་ཐག་རིང་ནི་དེ་གིས་ ཁྱིམ་ནང་སྡོད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ དེ་ལུ་ ཕམ་ཚུ་གིས་ཡང་ རྒྱབ་སྐྱོར་འབདཝ་ཨིན་པས།
ཨིན་རུང་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་ སྦྱིས་གཤོང་སློབ་གྲྭ་ལྟེ་བའི་ནང་ལྷོདཔ་ད་ གནམ་གཤིས་གནས་སྟངས་ སྐྱོ་དྲགས་ཡོད་མི་དང་ དབྱར་རྩྭ་དགུན་འབུབ་ལུ་ དང་འདོད་བསྐྱེད་དེ་ བཀོག་བཞགཔ་མས་ཟེར་ཨིན་པས།
ད་རེས་ ལ་ཡ་སློབ་གྲྭ་ནང་ སློབ་ཕྲུག་༡༤༦ ཡོད་ས་ལས་ སློབ་ཕྲུག་༩༩ གིས་ སྡོད་ཁྱིམ་གྱི་ མཐུན་རྐྱེན་ཐོབ་སྟེ་ ཡོདཔ་ཨིན་པས།
སློབ་གྲྭ་དེ་ འཆར་གཞི་༡༢ པའི་ནང་ མཐུན་རྐྱེན་མ་འཐོབ་པའི་ཧེ་མར་ རྒེད་འོག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ སློབ་རིམ་༩ པའི་སློབ་ཕྲུག་ཚུ་གི་དོན་ལུ་ གནས་སྐབས་ཀྱི་ སློབ་ཁང་རྐྱབ་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *