ལ་ཡ་གི་ སྒོ་འབྱེད་འབད་མི་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་།

ལ་ཡ་གི་ མི་སྡེའི་དོན་ལུ་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ སྒོ་འབྱེད་འབད་ཡོདཔ།

༉ རྒེད་འོག་གི་ཉེན་སྲུང་དང་ མི་སེར་གྱི་སྟབས་བདེ་ཧིང་ དེ་ལས་ ཁྲིམས་སྲུང་འགག་པའི་འགན་ཁུར་ཚུ་ ཧ་གོ་ཐབས་ལུ་ འདས་པའི་བདུན་ཕྲག་ནང་ ལ་ཡ་ལུ་ རྒེད་འོག་འགག་སྡེའི་ཡིག་ཚང་ཅིག་ གཞི་བཙུགས་འབད་ཡི།
སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ སྒོ་འབྱེད་འབད་མི་ རྒེད་འོག་འགག་སྡེའི་ཡིག་ཚང་ནང་ ཁྲིམས་སྲུང་འགག་པའི་ སློབ་དཔོན་༡ དང་ དཀྱུས་མ་༤ བཙུགས་ནི་ཨིན་པས།
ཡིག་ཚང་གཞི་བཙུགས་འབད་དགོ་མི་དེ་ཡང་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་གོངམ་ ཀརྨ་ཚེ་རིང་གིས་ བཤད་མིའི་ནང་ ས་གནས་དེ་ནང་ ཁྲིམས་འགལ་གྱི་ལཱ་འབད་མི་ མང་སུ་ཡོད་མི་ལུ་བརྟེན་མེན་པར་ མི་སེར་ཚུ་གིས་ ཁྲིམས་ཀྱི་རིང་ལུགས་ ཧ་གོ་ཐབས་དང་ མི་སེར་ཚུ་ལུ་ སྟབས་བདེ་ཧིང་ བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ལ་ཡ་དེ་ མགར་ས་ལས་ ཉིན་ལམ་༢ ཀྱི་ས་ཁར་འབད་ནི་དེ་གིས་ འཐབ་འཛིང་དང་ ཨར་རྐུན་རེ་ འཐོན་པ་ཅིན་ མགར་ས་ལུ་ སྙན་ཞུ་འབད་བར་ འོང་དགོཔ་ལས་ མི་སེར་ཚུ་གི་ དུས་ཚོད་འཕྲོ་བརླག་བཏངམ་མ་ཚད་ ཁོང་ལུ་ཡང་ བརྡབ་གསིག་རྐྱབ་མས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ མི་སེར་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ གཞི་བཙུགས་འབད་འབདཝ་ཨིན་ཟེར་ཨིནམ་ད་ ལ་ཡ་དབུས་ས་ཁ་ལས་ སྐྱེས་ལོ་༢༤ ལང་མི་ དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁ་ལུ་ འཐབ་འཛིང་དང་ ཨར་རྐུན་ལ་སོགས་པ་ཚུ་ འཐོན་པའི་སྐབས་ འགོ་དང་པ་ར་ ཚོགས་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ དམངས་མི་དང་ རྒཔོ་ལུ་འབད་བའི་ཤུལ་ལས་ ནང་འགྲིག་འབད་མ་ཚུགས་པ་ཅིན་རྐྱངམ་གཅིག་ མགར་ས་ལུ་ འགྱོ་ནི་ཡོད་ཟེར་ཨིན་པས།
དེ་ཡང་ རྩོད་བཤེར་འབད་དགོ་པའི་ གནད་དོན་འཐོན་པ་ཅིན་ མགར་ས་ལུ་འགྱོ་དགོཔ་ལས་ དེ་གིས་ དུས་ཚོད་འཕྲོ་བརླག་བཏངམ་མས་ཟེར་ཨིནམ་ད་ འགག་སྡེའི་ཡིག་ཚང་ཡོད་མི་ལུ་བརྟེན་ སྙན་ཞུ་འབད་སའི་ ས་ཁོངས་ཡོདཔ་ལས་ སྟབས་བདེ་ནི་མས་ཟེར་ཨིན་པས།
ལ་ཡ་ལུ་ བྱ་ངན་མང་ཤོས་ར་ འཐབ་འཛིང་བྱུང་དོ་ཡོདཔ་ད་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལ་ཡ་དེ་ ས་ཁ་མཐོ་སར་འབདཝ་ལས་ མི་ཚུ་གིས་ ཆང་འཐུང་མི་ལུ་བརྟེན་ འཐབ་འཛིང་མང་སུ་སྦེ་ར་ ཐོནམ་མས་ཟེར་ཨིན་པས།
ལ་ཡ་ལུ་ འགག་སྡེའི་ཡིག་ཚང་ སྒོ་འབྱེད་འབད་བའི་ཤུལ་ལུ་ ཁ་ཙ་ རྨགཔ་གིས་ ཁོ་རའི་ གནས་ཚང་ལུ་ དངུལ་ཀྲམ་འབུམ་༤ ཨར་རྐུན་འབད་ཡོད་པའི་ ཁ་ཉེས་བཀལ་ཏེ་ དངུལ་འབྲེལ་གྱི་ རྩོད་གཞི་ཐོ་བཀོད་ཀྱི་དོན་ལེུ་ སྙན་ཞུ་འབད་མི་དེ་ འགོ་དང་པ་ཨིནམ་ད་ གནས་ཚང་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ མོ་གིས་ དངུལ་ཀྲམ་༥༠,༠༠༠ ལས་བརྒལ་ མ་འབག་ཟེར་ཨིད་པའི་གནས་ཚུལ།

ལ་ཡ་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *