ལ་ཡ་གི་དུས་སྟོན་སྐབས་ ཅ་ཆས་དང་ ཟ་ཁང་བཙུགས་མི་ ཚོང་པ་ཚུ།

ལ་ཡ་གི་དུས་སྟོན་སྐབས་ ཚོང་པ་ཚུ་གིས་ ན་ཧིང་བཟུམ་སྦེ་ ཁེ་སང་བཟོ་མ་ཚུགས་པར་ཡོདཔ།

༉ ལོ་བསྟར་ལ་ཁའི་དུས་སྟོན་སྐབས་ལུ་ ན་ཧིང་འབད་བ་ཅིན་ ལ་ཡ་དང་ ས་གནས་གཞན་ཁ་ལས་འོང་མི་ ཚོང་པ་ཚུ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་ཡོདཔ་ཨིན་རུང་ དུས་ཅི་ ལེགས་ཤོམ་ཅིག་ འགྱོ་མ་བཏུབ་ཨིན་པས།
ས་གནས་ནང་ གྱོན་ཆས་བཙོང་མི་ལེ་ཤ་ཡོད་རུང་ མང་ཆེ་ཤོས་ཅིག་ ཟ་ཁང་བཙུགས་མི་ཨིན་པས།
ན་ཧིང་གི་ དུས་སྟོན་སྐབས་ལུ་ ཚོང་བཙོང་སྟེ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་མི་ཅིག་ ལ་ཡ་ལས་ འཆི་མེད་ཨིནམ་ད་ མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ འོང་འབབ་ལོག་ལྟབ་ཀྱིས་ ཉུངམ་མས་ཟེར་ཨིན་པས།
དེ་ཡང་ དུས་ཅི་ ལ་ཁའི་དུས་སྟོན་བརྩི་བསྲུ་ནང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་མེདཔ་མ་ཚད་ བཞེས་སྒོའི་གོང་ཚད་ཚུ་ཡང་ རྫོང་ཁག་གིས་སྦེ་ ཚད་གཞི་བཟོ་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
མ་གཞི་ བཟའ་འཐུང་ཚུ་ བཙོང་པའི་སྐབས་ལུ་ ཁྲོམ་དང་ཕྱདཔ་ད་ ལ་ཡ་ལུ་ གོང་ཚད་མཐོ་སུ་ཅིག་སྦེ་ འོང་དགོ་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ ལ་ཡ་ཟེར་མིའི་ མཐའ་ཟུར་གྱི་ གཡུས་ཚན་དེ་ནང་ ཅ་ཆས་ཚུ་ སྤུ་ན་ཁ་ལས་ སྣུམ་འཁོར་ནང་འབག་འོང་དགོཔ་ད་ ཀོ་ཡི་ན་ལས་ རྟ་རེ་ལུ་ དོ་གླ་དངུལ་ཀྲམ་༨༠༠ རེ་ སྤྲོད་དགོཔ་འབདཝ་ད་ ཟད་འགྲོ་མངམ་འགྱོཝ་མས་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སྣུམ་འཁོར་གྱི་གླ་ཆ་དང་ རྟ་གི་དོ་གླ་ཚུ་ག་ར་ ཅ་ཆས་ཚུ་ སྐྱེལ་བའི་བསྒང་ལས་ གོང་ཚད་དེ་ མཐོ་སུ་འགྱོ་ནི་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་ ཚད་གཞི་བཟོ་བའི་སྐབས་ལུ་ཡང་ ཐུགས་བཞེད་ལེགས་ཤོམ་གནང་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ དུས་ཅི་ མི་ཡང་ཉུང་སུ་ཅིག་ལས་ མ་འོང་ནི་དེ་གིས་ ཁོང་གིས་ ས་གནས་ནང་ ཚོང་འབག་འགྱོ་མི་ཚུ་ཡང་ མང་ཤོས་ཅིག་ བཙོང་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
འཆི་མེད་ཀྱིས་ ན་ཧིང་ཉིནམ་རེ་ལུ་ དངུལ་ཀྲམ་༡༥,༠༠༠ རེ་ བཟོ་ཚུགས་ཡོད་རུང་ དུས་ཅི་ དངུལ་ཀྲམ་༧,༠༠༠ ལས་༨,༠༠༠ གི་བར་ན་ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལ་ཁའི་དུས་སྟོན་སྐབས་ལུ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པས་ཟེར་ གོ་ནི་དེ་གིས་ ཚོང་བཙོང་པར་འོང་མི་ཅིག་ སྤུ་ན་ཁ་ལས་ སངས་རྒྱས་དབང་འདུས་ཨིན་པས།
ཁོ་ར་ མགར་ས་ལས་ཨིན་རུང་ སྤུ་ན་ཁ་ལུ་སྡོད་དོ་ཡོདཔ་ད་ ཁོ་གིས་ རྒྱལ་ཁབ་མཐའ་དབུས་མེད་པའི་ ཚེས་བཅུ་དང་ སྒྲུབ་ཆེན་ཚུ་ནང་ ཚོང་བཙོང་པར་ འགྱོ་དོ་ཡོདཔ་ཨིན་པས།
དམ་ཆོས་ཀྱིས་ བཟའ་འཐུང་དང་ གོ་ལ་ཚུ་ བཙོང་དོ་ཡོདཔ་ད་ ཁོ་གིས་ དོ་གླ་དང་ སྣུམ་འཁོར་གྱི་ གླ་ཆ་ཚུ་རྩིས་རྐྱབ་ད་ ཟད་འགྲོ་དངུལ་ཀྲམ་༡༥༠༠༠ བཏང་ཡོདཔ་ད་ ཁོ་ལུ་ ཁེ་སང་དངུལ་ཀྲམ་༢༠,༠༠༠ འབདཝ་ད་ དངུལ་ཀྲམ་༥༠༠༠ ལས་བརྒལ་ ཁེ་སང་མིན་འདུག་ཟེར་ཨིན་པས།
ཁོ་གིས་ ཁོ་རའི་ཆ་རོགས་ཚུ་ལས་ ལ་ཁའི་དུས་སྟོན་ནང་ ཚོང་ལེགས་ཤོམ་སྦེ་ འགྱོཝ་མས་ཟེར་ སླབ་པའི་ཤུལ་ལུ་ འོང་ཡོདཔ་ཨིན་རུང་ ཁོ་ར་གིས་ མནོ་དོ་བཟུམ་ཅིག་ བཙོང་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལ་ཡ་ཟེར་མའི་ ས་གནས་དེ་ ཐག་རིང་བའི་ཁར་ ས་གནས་ནང་ལྷོདཔ་ད་ གནམ་གཤིས་བསིལ་དྲགས་ཡོད་པ་གིས་མ་ཚད་ མེ་འཕུ་ནི་གི་ ཤིང་ཚུ་ཡང་ ཐོབ་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ལས་་ ཤུལ་ལས་ འོང་ཚུགས་ནི་བཟུམ་ཅིག་མིན་འདུག་ཟེར་ཨིན་པས།
ལ་ཡ་ཏོ་ཀོ་ལས་ ཀུན་ལེགས་རྒྱལ་མཚན་གྱིས་ འབད་བ་ཅིན་ ཚོང་ལུ་བརྟེན་ཏེ་ ན་ཧིང་བཟུམ་ཅིག་ འོང་འབབ་བཟོ་མ་ཚུགས་ཏེ་འབད་རུང་ དུས་སྟོན་དེ་ ལ་ཡ་གི་ མི་སེར་ཚུ་གི་དོན་ལུ་ གོ་སྐབས་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
དེ་སྦེ་ ཨིན་དགོ་མི་དེ་ཡང་ ལ་ཡ་དེ་ མཐའ་ཟུར་དང་ ས་ཐག་རིང་སར་ འབད་ནི་དེ་གིས་ དུས་ཚོད་གཞན་མིའི་ནང་ མི་མཐོང་ནི་མེདཔ་ཨིན་རུང་ དུས་སྟོན་གྱི་སྐབས་ལུ་ ས་གནས་ཐདམ་ཐད་ཁ་ལས་ མི་ཚུ་སྤུངས་འཛོམས་འབད་ཚུགས་དོ་ཡོདཔ་ལས་ མི་ཚུ་དང་འབྲེལ་བ་འཐབ་ནིའི་ གོ་སྐབས་ཨིནམ་མ་ཚད་ ས་གནས་ནང་གི་ ཚོང་པ་ཚུ་ཡང་ འོང་འབབ་བཟོ་བའི་ གོ་སྐབས་ཐོབ་པས་ཟེར་ཨིན་པས།
ཁོ་ལུ་ ཚོང་ཁང་ཡོད་ནི་དེ་གིས་ དུས་སྟོན་སྐབས་ལུ་ བཙོང་མ་ཚུགས་མི་ཚུ་ ཤུལ་ལས་ ཚོང་ཁང་ནང་ བཞག་པའི་བསྒང་ལས་ གཡུས་ཁའི་ མི་སེར་ཚུ་གིས་ འབག་ཚར་འོང་ཟེར་ཨིནམ་ད་ དེ་འབདཝ་ལས་ ཚ་གྱང་ལང་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ བཞེས་སྒོའི་གོང་ཚད་ཚུ་ གཏན་འཁེལ་བཟོ་སྟེ་ བཀྲམ་སྤེལ་འབད་དགོ་མི་དེ་ཡང་ ན་ཧིང་གི་ དུས་སྟོན་སྐབས་ལུ་ ཟ་ཁང་བཙུགས་མི་ཚུ་གིས་ གོང་ཚད་ ཚད་ལས་བརྒལ་ སླབ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་སྦེ་ གཏན་འཁེལ་བཟོ་མི་དེ་གིས་ ཚོང་པ་དང་ ཟ་མི་གཉིས་ཆ་ར་ལུ་ ཁེ་ཕན་ཡོདཔ་སྦེ་ར་ བཞག་ཅི་ཟེར་ཨིན་པས།
ཉིནམ་གཉིས་ཀྱི་ རྒྱལ་འཛིན་ལ་ཁའི་དུས་སྟོན་དེ་ སྤྱི་ཟླ་༡༠ པའི་ཚེས་༢༣ དང་༢༤ ལུ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

ལ་ཡ་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *