གླིང་བཞི་རྒེད་འོག་གི་ གཡུས་མི་ཅིག་གིས་ དབུར་སྨན་བཟོ་བཏུབ་པའི་ ལ་མཐོ་སའི་ ཨེ་ཏོག་མེ་ཏོག་གི་ ཤིང་རིགས་ཅིག་ གསལ་སྟོན་འབད་བའི་བསྒང་།

ལ་མཐོ་སའི་ ཨེ་ཏོག་མེ་ཏོག་ཤིང་རིགས་ཀྱི་ འདབ་མ་ལག་ལེན་འཐབ་སྟེ་ དབུར་སྨན་བཟོ་ཡོདཔ།

འཕྲལ་ཁམས་ཅིག་ཁར་ སྨན་ལྗོངས་གསོ་རིག་བཟོ་སྐྲུན་ལས་འཛིན་གྱིས་ གླིང་བཞི་རྒེད་འོག་གི་ མི་སེར་ཚུ་དང་གཅིག་ཁར་ ལ་མཐོ་སའི་ ཨེ་ཏོག་མེ་ཏོག་ཤིང་རིགས་ཀྱི་ འདབ་མ་ལག་ལེན་འཐབ་སྟེ་ དབུར་སྨན་བཟོ་མིའི་ ཚོང་སྒྱུར་འཐབ་སྟེ་ ཁེ་སང་བགོ་བཤའ་ འཆང་སྤྱོད་འབད་ནིའི་དོན་ལུ་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།

གླིང་བཞི་རྒེད་འོག་དེ་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་༤,༠༠༠ ལྷགཔ་ཅིག་ལུ་ ཆགས་ཡོདཔ་ལས་ ལ་མཐོ་ས་ལུ་ རང་བཞིན་གྱིས་སྐྱེས་པའི་ ཨེ་ཏོག་མེ་ཏོག་ཤིང་རིགས་ཀྱི འདབ་མ་དེ་ འདས་པའི་ལོ་ཚུ་ནང་ སྨན་ལྗོངས་གསོ་རིག་བཟོ་སྐྲུན་ལས་འཛིན་གྱིས་ ཞིབ་འཚོལ་འབད་ཡོདཔ་ད་ དེ་ཡང་ ལགཔ་ཆུ་འཁྱུ་ཞིནམ་ལས་ ཕྱི་རྒྱལ་ལས་ཐོན་སྐྱེད་འབད་མི་ སྨན་བཟུམ་སྦེ་ ལགཔ་གུ་དབུར་བཏུབ་སྦེ་ བཟོ་སྐྲུན་འབད་ནུག།

འགོ་དཔོན་ཚུ་གིས་ མི་སེར་ཚུ་དང་ དུས་མཉམ་དུ་སྦེ་ རི་གུ་ལས་ཕར་སོང་ཞིནམ་ལས་ ཤིང་གི་འདབ་ཚུ་ བཏོག་འབག་འོང་སྟེ་ ཉི་མའི་དྲོད་ནང་ བདུན་ཕྲག་རིང་ སྐམ་ཞིནམ་ལས་ ཐིམ་ཕུག་ལུ་ འབག་འོང་དོ་ཡོདཔ་ཨིན་པས།

འདབ་མ་དེ་ བཟོ་སྐྲུན་ཁང་གི་ འཕྲུལ་རིག་ནང་བཙུགས་ཏེ་ མར་ཁུ་བཏོན་ཞིནམ་ལས་ ལགཔ་གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ལུ་ དབུར་སྨན་བཟོ་མི་དེ་ ཁྲོམ་ཚུ་ནང་ལས་ཕར་ ཚོང་འབྲེལ་གྱི་དོན་ལུ་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ མི་མང་གིས་ མཁོ་འདོད་བཀོད་དོ་ཡོདཔ་ལས་ ད་རེས་ནངས་པར་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ཨིན་པས།

དེ་བཟུམ་གྱི་ སྨན་རིགས་མ་འདྲཝ་ཚུ་ རྒྱལ་ཁབ་ནང་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ མཁོ་ འདོད་བཀོད་མི་ཡོདཔ་ལས་ ལས་འཛིན་གྱིས་ ཁེ་སང་བགོ་བཤའ་ཐོག་ལས་ ལཱ་འབད་ནིའི་དོན་ལུ་ གླིང་བཞི་རྒེད་འོག་གི་ མི་སེར་གུང་པ་༨༡ ལྷགཔ་ཅིག་དང་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན།

ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ཐུགས་རྟེན་ཆོས་གྲགས་ཀྱིས་ སླབ་མིའི་ནང་ གཡུས་ཁའི་མི་སེར་ ཚུ་གིས་ དབྱར་རྩྭ་དགུན་འབུབ་འཐུ་སྟེ་ འོང་འབབ་རྒྱ་ཆེ་དྲགས་སྦེ་ བཟོ་ཚུགས་དོ་ཡོདཔ་ལས་ ད་རེས་ནངས་པར་ ལ་ནོར་གསོ་ནི་དང་ སྔོ་སྨན་བསྡུ་བསྒྱོམ་འབད་ནི་ལུ་ སྤྲོ་བ་ཞན་སུ་ཅིག་ ཨིན་མས་ཟེར་ཨིན་པས།

ཨིན་རུང་ དབྱར་རྩྭ་དགུན་འབུབ་དེ་ ལོ་བསྟར་བཞིན་དུ་ མར་ཉམས་འགྱོ་བའི་ཁར་ གོང་ཚད་ཡང་ བརྟན་ཏོག་ཏོ་མེདཔ་ད་ ལས་འཛིན་གྱིས་ དམིགས་ཡུལ་ངོ་མ་ར་ སྔོ་སྨན་འཛིན་སྐྱོང་འཐབ་ནི་དང་ ཨེ་ཏོག་མེ་ཏོག་ཤིང་གི་ འདབ་མ་ལུ་བརྟེན་པའི་ སྨན་རིགས་བཟོ་སྐྲུན་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།

གཙོ་འཛིན་དང་འཁྲིལཝ་ད་ མི་སེར་ཚུ་ལུ་ ཁེ་ཕན་གཉིས་ཡོད་ཟེར་ཨིནམ་ད་ དེ་ཡང་ འདབ་མ་ཚུ་ བསྡུ་ བསྒྱོམ་འབད་དེ་ འབག་འོང་པའི་སྐབས་ ལྗིད་ཚད་དང་འཁྲིལ་ གླ་འཐུས་འཐོབ་ནི་དང་ བཟོ་སྐྲུན་འབད་བའི་ཤུལ་ལས་ ལས་འཛིན་གྱིས་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༥ དེ་ཅིག་ ཚེ་རིང་གཡུ་རྒྱལ་ཚོགས་པའི་ མིང་ཐོག་ལུ་ སྤྲོད་ནི་ཨིན་ཟེར་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྐྱེ་ལྡན་རིགས་རྒྱུན་ཐོན་ཁུངས་ལས་སྡེ་ལས་ འགོ་དཔོན་བཙན་ སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ལས་ ཐོན་སྐྱེད་འབད་མི་ རྒྱུ་དངོས་ཚུ་ བཟོ་སྐྲུན་འབད་མི་ ལས་སྡེ་དང་ མི་སེར་ཚུ་གི་བར་ན་ བསྟར་སྤྱོད་འབད་བའི་སྐབས་ ལྟ་རྟོག་འབད་ནི་དང་ ཁྲིམས་ལུགས་ཀྱི་ བྱ་སྒོ་དང་ ལག་ལེན་འཐབ་མ་འཐབ་ བསྟར་སྤྱོད་འབད་མི་ གཞུང་དབང་ཅིག་ཨིན་ཟེར་ཨིན་པས།

དེ་ཡང་ བཟོ་སྐྲུན་ཁང་དང་ ཚེ་རིང་གཡུ་རྒྱལ་ཚོགས་པ་༢ ཀྱི་བར་ན་ གན་རྒྱ་བཟོ་ཡོད་མི་ལྟར་དུ་ བཟོ་ སྐྲུན་ཁང་གིས་ འོང་འབབ་ཡོངས་བསྡོམས་བཟོ་ཡོད་མི་ལས་ བརྒྱ་ཆ་༥ བྱིན་མ་བྱིན་དང་ རང་བཞིན་གནས་ སྟངས་ཉམས་སྲུང་གི་དོན་ལུ་ བརྒྱ་ཆ་༢ དེ་ལས་ བཟོ་སྐྲུན་ལས་སྡེ་གཞན་གྱིས་ བཟོ་སྐྲུན་འབད་ནི་དང་ ཕྱི་ རྒྱལ་ཁབ་ཚུ་གིས་ འདྲ་བཤུས་རྐྱབ་སྟེ་ བཟོ་སྐྲུན་འབད་མ་འབད་ བལྟ་ནིའི་འགན་ཁུར་འབག་མི་ ལས་སྡེ་ཅིག་ཨིན་ཟེར་ ཨིན་པས།

གླིང་བཞི་དྲུང་ཁག་གི་ དྲུང་པ་གིས་ སླབ་མིའི་ནང་ ལས་འཛིན་གྱི་དམིགས་ཡུལ་དེ་ འོང་འབབ་བཟོ་ནི་དེ་ ཨིན་རུང་ མ་འོངས་ཡུན་བརྟན་སྦེ་ ལག་ལེན་འཐབ་ནི་དང་ འཕྲལ་ཕུགས་གཉིས་ཆ་རའི་ བདེ་ཐབས་ལུ་ མི་ སེར་ཚུ་ལུ་ཡང་ ཁེ་སང་བགོ་བཤའ་བྱིན་ནིའི་དོན་ལུ་ བྱ་སྒོའི་ལམ་ལུགས་དང་ སྒྲིག་གཞི་བཟོ་ཡོདཔ་ ལས་ མི་སེར་ཚུ་གིས་འབད་རུང་ བཅའ་མར་གཏོགས་ཞིནམ་ལས་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་ཟེར་ ཨིན་ པས།

སྐྱེས་ལོ་༢༦ ལང་མི་ ཀུན་དགའ་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ མཐའ་ཟུར་གྱི་གཡུས་ཚན་ནང་  ལས་རིམ་གཞི་བཙུགས་འབད་མི་གིས་ མ་འོངས་པའི་ ན་གཞོན་ཚུ་གི་དོན་ལུ་ འོང་འབབ་བཟོ་ཚུགས་པའི་ ས་ཁོངས་ཅིག་འདུག་ཟེར་ཨིན་པས།

སྐྱེས་ལོ་༤༤ འབད་མི་ པ་སངས་ཀྱིས་འབད་བ་ཅིན་ ས་ཁོངས་ཡོད་ཚད་གཅིགཔོ་ནང་ སྐྱེས་མི་མེ་ཏོག་དང་ ཤིང་ རྩྭ་རིགས་ཚུ་ སྨན་ཨིན་རུང་ གཞུང་དབང་ལས་སྡེ་ཚུ་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་མེད་པ་ཅིན་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་མི་ཚུགས་ཟེར་ཨིན་པས།

འབྲུག་རྒྱལ་ཁབ་འདི་ ལྷོ་ལྗོངས་སྨན་ལྗོངས་ཟེར་ མིང་བཏགས་སྲོལ་ཡོད་མི་དེ་ཡང་ གླིང་བཞི་རྒེད་འོག་དེ་ འབྲུག་དང་ རྒྱ་ནག་གི་ས་མཚམས་ཁར་ ཆགས་ཡོདཔ་བཞིན་དུ་ རི་དང་ གངས་ ལུང་གཤོང་གིས་ བསྐོར་ཡོདཔ་ལས་ དེ་ཁར་སྐྱེས་མི་ ཤིང་རིགས་དང་ མེ་ཏོག་རིགས་ རྩྭ་རིགས་ དེ་ལས་ གཙང་ཆུ་ཐོན་མི་ཚུ་ སྨན་སྦེ་ བྱིན་རླབས་འཇུག་ཡོདཔ་སྦེ་ འབྲུག་མི་ མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།

གླིང་བཞི་དྲུང་ཁག་ནང་ རྒེད་འོག་༣ ཡོད་མི་དེ་ཡང་ སྲོས་དང་ གླིང་བཞི་ དེ་ལས་ ནཱ་རོ་རྒེད་འོག་༣ ཨིནམ་ད་ རྒེད་འོག་ཚུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་ནགས་ཚལ་གླིང་ཁའི་འོག་ལུ་ ཚུདཔ་ཨིན་པས།

ལྷག་པར་དུ་ ལ་མཐོ་སར་སྡོད་མི་ མི་སེར་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྨན་རིགས་བསྡུ་བསྒྱོམ་འབད་ཞིནམ་ལས་ ས་མཚམས་བརྒལ་འབག་སྟེ་ ཚོང་འབྲེལ་འཐབ་དོ་ཡོད་མི་དེ་ ད་ལས་ཕར་ ཚེ་རིང་གཡུ་རྒྱལ་ཚོགས་པ་དང་ ཨེ་ཏོག་མེ་ཏོག་ཤིང་གི་ དབུར་སྨན་བཟོ་མི་གིས་ ཁེ་ཕན་འབྱུང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། གླིང་བཞི།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *