ལ་ནོར་གསོ་སྐྱོང་འབད་མི་ མར་ཉམས་འགྱོ་བའི་ ཚ་གྱང་ལུ་ གཞུང་ལས་རྒྱབ་སྐྱོར།

༉ ཐིམ་ཕུག་སྲོས་རྒེད་འོག་ རྡོ་གི་ལ་ཅུ་གཡུས་ཚན་ལས་ སྐྱེས་ལོ་༡༨ ལང་མི་ པདྨ་ནོར་བུ་དེ་ ཆུང་ཀུའི་བསྒང་ལས་ ཁོ་རའི་ཨ་རྒས་དང་ གཡག་འཚོ་སྟེ་ སྡོད་ཡོདཔ་ལས་ ད་ལས་ཕར་འབད་རུང་ ལ་ནོར་དང་གཅིག་ཁར་ར་ སྡོད་འོང་ཟེར་ཨིན་པས།

པདྨ་ནོར་བུ་དེ་ སློབ་རིམ་༤ པ་ཚུན་ དཔེ་ཆ་ལྷབ་པའི་ཤུལ་ལུ་ སློབ་གྲྭ་ནང་ལས་ཐོན་ཏེ་ ཨ་རྒས་དང་ ཨང་རྒས་ལུ་ ཆ་རོགས་འབད་དེ་ གཡག་འཚོ་སྡོད་ཅི་ཟེར་ སླབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ར་ གཡག་འཚོ་སྟེ་ར་ སྡོད་ནི་སྦེ་ སེམས་ཐག་བཅད་མི་དེ་ཡང་ གཙོ་བོ་ར་ ས་ཁ་མཐོ་སར་ སྡོད་མི་ཚུ་གི་དོན་ལུ་ འོང་འབབ་ཀྱི་ ཐབས་ལམ་གཞན་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་སྐྱེད་ཚུ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོཝ་མ་ཚད་ ད་རེས་བཟུམ་མའི་ ནད་ཡམས་ལུ་བརྟེན་ ལྟ་བཤལཔ་ཚུ་ མ་འོང་པ་ཅིན་ འཚོ་སྐྱོང་འཐབ་པར་ ལཱ་ཁག་རྐྱབ་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ན་ཧིང་ དབྱར་རྩྭ་དགུན་འབུབ་བཙོང་མ་ཚུགས་པའི་ཁར་ ལྟ་བཤལཔ་འོང་ནི་མེད་མི་ལུ་ བལྟ་བ་ཅིན་ མ་འོངས་པར་ འཚོ་བའི་གནས་སྟངས་ཀྱི་དོན་ལུ་ ཕུགས་བརྟན་ཏོག་ཏོ་དེ་ ལ་ནོར་གསོ་སྐྱོང་འབད་ནི་དེ་ར་ འོང་ནི་མས་ཟེར་ པདྨ་ནོར་བུ་གིས་ བཤདཔ་ཨིན་པས།

ཨིན་རུང་ པདྨ་ནོར་བུ་ རྒྱབ་ཐལ་བའི་ཤུལ་ལུ་ ཁོ་གི་ཨ་རྒས་ སྐྱེས་ལོ་༥༦ ལང་མི་ པདྨ་མཁའ་འགྲོ་གིས་ སླབ་མིའི་ནང་ མ་གཞི་ ཁོ་རའི་ཨ་ལོ་ཕུད་རྡོག་གཅིག་གིས་ཡང གཡག་རྫིཔ་སྦེ་ སྡོད་མ་བཏུབ་རུང་ ད་རེས་ ཁོ་རའི་ཚ་བོ་དེ་གིས་ སེམས་མ་འགྱུར་བར་ སྡོད་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།

དེ་འབདཝ་ད་ ཚ་བོ་དེ་གིས་ ཨ་རྟག་ར་ འགྲུལ་འཕྲིན་དཀྲོག་ཐངས་དང་ ནུབ་མོར་ རྒྱང་མཐོང་ཊི་བི་བལྟ་སྟེ་ སྡོད་མི་ལུ་ བལྟ་བ་ཅིན་ གཡག་འཚོ་སྟེ་ སྡོད་བཏུབ་ནི་བཟུམ་ཅིག་ མི་མཐོང་དོ་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ པདྨ་མཁའ་འགྲོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚ་བོ་དེ་ལུ་ གཡག་གསོ་སྐྱོང་འཐབ་སྟེ་ སྡོད་ནི་དེ་ ཕ་བརྒྱུད་བུ་བརྒྱུད་ཀྱི་ འཚོ་བའི་ལམ་ལུགས་ཅིག་ཨིནམ་ལས་ བཀོ་བཞག་སྟེ་ ལཱ་གཞན་འབད་བར་ འགྱོ་ནི་མི་འོང་ཟེར་ དུས་ཨ་རྟག་ར་ བཤད་དེ་བྱིན་དོ་ཟེར་ཨིན་པས།

རྡོ་ལྟ་སྦིས་ཐང་སྤྱི་འོག་གི་ ཚོགས་པ་ཡང་ཨིན་མི་ པདྨ་མཁའ་གྲོ་གིས་ དྲན་ཚོར་འབད་མིའི་ནང་ ཁོ་ར་ཡང་ ཆུང་ཀུ་བསྒང་ལས་ གཡག་དང་གཅིག་ཁར་ར་ སྦོམ་ཡོདཔ་བཞིན་དུ་ དེ་བསྒང་ ཁོ་ལུ་ གཡག་༩༠ དེ་ཅིག་ཡོདཔ་ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ ལ་ནོར་ལ་ལོ་ཅིག་ བཙོང་ཡོདཔ་མ་ཚད་ ལ་ལོ་ལྟོཝ་བཀྱེས་ཏེ་ ཤི་ཡོདཔ་ལས་ ད་རེས་ ལ་ནོར་༧༠ དེ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ མི་གཞོནམ་ཚུ་ གནམ་བྱཱར་ལུ་ དབྱར་རྩྭ་དགུན་འབུབ་འཐུ་བའི་ དུས་ཚོད་ནང་རྐྱངམ་གཅིག་ འོངམ་མ་གཏོགས་ རྒེད་འོག་ནང་ སྡོད་མི་མིན་འདུག་ཟེར་ཨིནམ་ད་ ལྟ་བཤལ་པའི་ དོས་སྐྱེལ་ནི་དེ་ ལཱ་འཇམ་པའི་ཁར་ འོང་འབབ་ཡང་ དེ་འཕྲོ་ལས་ བཟོ་ཚུགས་ནི་དེ་གིས་ རྟ་ཡང་མང་སུ་སྦེ་ མཁོ་སྒྲུབ་འབདཝ་མས་ཟེར་ཨིན་པས།

དེ་མ་ཚད་ ཨ་ལོ་ཚུ་གིས་ གཡུས་ཁར་ སྡོད་མི་བཏུབ་དོ་ཡོདཔ་ལས་ ད་རེས་ གཡག་འཚོ་སྟེ་སྡོད་མི་ མང་ཤོས་ར་ ཁོ་ར་དང་ ལོ་ཚད་མཉམ་མི་ཚུ་ཨིནམ་ལས་ གྲོས་ཀྱིས་བཏང་ གཡག་གསོ་སྐྱོང་འཐབ་མི་ ཡལ་ཉམས་འགྱོ་ནིའི་ ཉེན་ཁ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།

ལྕང་མ་བཏབ་ས་ལས་ སྐྱེས་ལོ་༢༤ ལང་མི་ ངག་དབང་འཇིགས་མེད་ཡང་ གཡུས་ཁར་གཡག་འཚོ་སྟེ་ སྡོད་མི་ཅིག་ཨིནམ་ད་ ཁོ་གིས་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་དང་ རྟ་བདའ་སྟེ་ ལྟ་བཤལ་པའི་ དོས་སྐྱེལ་འདྲེན་འབད་ནིའི་ནང་ རྩ་འགེངས་དོ་ཡོདཔ་ཨིན་པས།

ཁོ་ལུ་ དོས་འབག་མི་གཡག་༢༠ དང་ ཨོམ་བཞོ་མི་༥༠ ཡོདཔ་ཨིན་རུང་ གནམ་བྱཱར་གྱི་སྐབས་ གནས་སྤོ་ཡི་ར་ བདའ་འགྱོ་བའི་སྐབས་ ལཱ་ཁག་ཡོད་ཟེར་ཨིན་པས།

གདང་མགོ་སྐྱོང་ལས་ སྐྱེས་ལོ་༤༡ ལང་མི་ འོད་ཟེར་སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མོ་ལུ་ གཡག་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་རུང་ ད་རེས་༤༠ དེ་ཅིག་ལས་བརྒལ་མེད་ཟེར་ཨིན་པས།

མོ་གི་བུ་༡ ད་རེས་ ལ་ནོར་དང་གཅིག་ཁར་ རི་ཁར་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ ལྟ་བཤལཔ་ཚུ་དང་གཅིག་ཁར་ རྟ་བདའ་སྟེ་ འགྱོ་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ གཡག་ལུ་བརྟེན་པའི་ འོང་འབབ་གངམ་ མི་ཐོབ་དོ་ཡོདཔ་ལས་ བུ་དེ་གིས་ འཕྲལ་འཕྲལ་འབད་ར་ རྟ་ལས་ཐོབ་པའི་ འོང་འབབ་ཚུ་ གཡག་གི་ཆག་ཉོ་ནི་ལུ་ ལག་ལེན་འཐབ་དགོ་པས་ཟེར་ ཉོགས་བཤད་ཡང་ བཀོདཔ་མས་ཟེར་ཨིན་པས།

ཨིན་རུང་ མོ་གིས་ ད་ལྟོ་ འོང་འབབ་ཀྱི་ ཐབས་ལམ་གཞན་ཡོད་རུང་ ཕུགས་ཀྱི་བརྟན་ཐབས་དེ་ ལ་ནོར་གསོ་སྐྱོང་འབད་ནི་དེ་ར་ཨིན་ཟེར་སླབ་སྟེ་ གཡག་འཚོ་བཅུག་དོ་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ལ་ནོར་འཚོ་ནི་དེ་ ཧེ་མ་ལས་ ལཱ་ཁག་ཅིག་ཨིན་པའི་གུ་ ད་རེས་ རྩྭ་ལངམ་སྦེ་ མེད་ནི་དེ་གིས་ གཡག་གི་ཆག་ ཀརྨ་ཕིཌ་ཚུ་ཉོ་སྟེ་ བྱིན་དགོཔ་ལས་ ཟད་འགྲོ་སྦོམ་འབད་ར་ གནསཔ་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཁྱིམ་གུང་རེ་ལུ་ ལ་ནོར་ཉུང་ཤོས་༡༥༠ དེ་རེ་ གསོ་སྐྱོང་འབད་ནི་ཡོད་རུང་ ད་རེས་འབདཝ་ད་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།

ཨིན་རུང་ བྱང་སྒོ་ཐང་ལས་ སྐྱེས་ལོ་༣༧ ལང་མི་ ཉིམ་ཚེ་རིང་གི་ གནས་སྟངས་དེ་ དུམ་གྲ་ཅིག་ མ་འདྲཝ་ཅིག་ཨིན་པས།

ཁོ་ལུ་ ཧེ་མ་ལས་ ལ་ནོར་༡༥༠ ཡོད་མི་དེ་ དེ་སྦེ་ར་ཡོདཔ་ད་ བདག་འཛིན་ལེགས་ཤོམ་སྦེ་ འབད་བ་ཅིན་ གཡག་ཚུ་མི་ཤི་བས་ཟེར་ སླབ་ཨིན་པས།

དེ་འབདཝ་ད་ གངས་གཟིག་ཚུ་གིས་ ལ་ནོར་ཚུ་ བསད་བཟའ་བའི་ དཀའ་ངལ་ཡོདཔ་ད་ ཨོམ་བཞོ་མི་༤༠ རེ་ ཡོད་པའི་སྐབས་ དྲོ་པ་ཆུ་ཚོད་༣ དེ་ཅིག་ལས་ར་ལོང་སྟེ་ ལཱ་འབད་དགོཔ་ལས་ གཡག་འཚོ་སྐྱོང་འཐབ་ནི་དེ་ ལཱ་ཁག་ཡོད་ཟེར་ཨིན་པས།

དེ་འབདཝ་ལས་ མི་ཚུ་གིས་ ལཱ་འཇམ་མི་དང་ འོང་འབབ་བཟོ་ཚུགས་མི་ལུ་ གདམ་ཁ་རྐྱབ་སྟེ་ གཡག་འཚོ་སྐྱོང་འཐབ་ནི་ལུ་ སྤྲོ་བ་ཞནམ་མས་ཟེར་ཨིན་མས།

སྐྱེས་ལོ་༣༥ ལང་མི་ བསོད་ནམས་རྡོ་རྗེ་དེ་ ཁོ་ར་ སྲོས་ལས་འབད་རུང་ རྒེད་འོག་ནང་ ཚོང་ཁང་གཅིག་བཙུགས་ སྡོདཔ་མ་གཏོགས་ ལ་ནོར་མེདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ལུ་ གཡག་༤༠ དེ་ཅིག་ཡོད་རུང་ ལོ་བསྟར་བཞིན་དུ་ གཡག་༡༠ དེ་རེ་ལུ་ ཤི་རྐྱེན་བྱུངམ་ལས་ ན་ལོར་ལུ་བརྟེན་ ཁོ་རའི་བཟའ་ཚང་སྐྱོང་ཚུགས་ནི་བཟུམ་ཅིག་ མ་མཐོང་བའི་ཤུལ་ལུ་ ལྷག་ལུས་ཚུ་ཡང་ག་ར་བཙོང་སྟེ་ ཚོང་ཁང་བཙུགས་སྡོད་ཅི་ཟེར་ཨིན་པས།

ཁོ་གིས་ གཡག་ཤི་བའི་སྐབས་ ཚབ་ལེ་ཤ་ཅིག་ར་ མཁོ་སྒྲུབ་འབད་ཡོདཔ་ཨིན་རུང་ མཐར་འཁྱོལ་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ ལྟ་བཤལ་པའི་ དོས་སྐྱེལ་མི་ རྟ་ཚུ་གིས་ རྒེད་འོག་ནང་གི་རྩྭ་ཚུ་ བཟའ་ཚར་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།

བསོད་ནམས་རྡོ་རྗེ་གིས་ གཡག་གསོ་སྐྱོང་འབད་ནིའི་ སྤྲོ་བ་མེདཔ་ཐལ་ཡོདཔ་བཞིན་དུ་ ན་ཧིང་ རྒེད་འོག་ནང་ སྒོ་ནོར་ལས་ཁུངས་ཀྱིས་ གཡག་གསོ་སྐྱོང་འབད་འདོད་ཡོད་པ་ཅིན་ གཡག་གི་སྐྱིད་སྡུག་གནང་ནི་སྦེ་ སླབ་མི་ལུ་ཡང་ གོ་སྐབས་ལེན་མ་ཚུགས་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ད་ལྟོ་ ཁོ་ལུ་ དོས་འབག་མི་ གཡག་༡༥ ཡོདཔ་ཨིན་པས།

སྲོས་དམངས་མི་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལ་ནོར་གསོ་སྐྱོང་འཐབ་ནི་དང་ གཡག་གི་གྱངས་ཁ་ མར་འབབ་འགྱོ་མི་དེ་ གཙོ་བོ་ར་ ཨ་ལོ་ཚུ་ སློབ་གྲྭ་ནང་ དཔེ་ཆ་ལྷབ་པའི་ཤུལ་ལུ་ ལཱ་གཡོག་འཚོལ་ཏེ་ འགྱོ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།

དེ་མ་ཚད་ རྒེད་འོག་ནང་ མི་ཚུ་ གཡུས་ཁར་སྡོད་དེ་ གཡག་འཚོ་ནིའི་དོན་ལུ་ ས་ཆ་མ་ལང་པའི་ དཀའ་ངལ་ཡང་ སྦོམ་སྦེ་ར་ཡོད་ཟེར་ཨིནམ་ད་ གངས་གཟིག་གིས་ གཡག་ཚུ་ལུ་ གནོདཔ་བཀལ་མི་དང་ མགུ་ཡུམ་གྱི་ ནད་གཞི་ཚུ་ལུ་བརྟེན་པའི་ ཤི་རྐྱེན་ཚུ་ཡང་ ལེ་ཤ་ཅིག་ར་ བྱུངམ་མས་ཟེར་ཨིན་པས།

སྲོས་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ལྟ་རྟོགཔ་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་ རྒེད་འོག་ནང་ གཡག་འཚོ་མི་ ཁྱིམ་གུང་གྲངས་༢༤ ཡོདཔ་ཨིན་རུང་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ ཁྱིམ་གུང་༢༠ ལུ་ མར་བབས་སོ་ཡི་ཟེར་ཨིན་པས།

ས་ཁོངསནང་ མི་སེར་ཚུ་གིས་ གཡག་འཚོ་སྡོད་ནི་དེ་ རང་ལུགས་ཀྱི་ སྲོལ་བདག་འཛིན་འབད་ནི་ རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ཡང་ ཕན་ཐོགས་ཡོདཔ་ལས་ ཁོང་གིས་ གཞུང་མིན་ལས་ཚོགས་དང་ གཞུང་གི་རྒྱབ་སྐྱོར་ཚུ་ལེན་ཏེ་ མི་སེར་ཚུ་ལུ་ སྐྱིད་སྡུག་བྱིན་བཞིན་དུ་ཡོད་ཟེར་ཨིན་པས།

ད་རེས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གྱང་ཤུགས་ཆེ་བའི་སྐབས་ ཁྱིམ་རེ་ལས་ གཡག་༡༠ དེ་རེ་ལུ་ ཤི་རྐྱེན་འབྱུང་ནི་ཡོད་ཟེར་ཨིན་པས།

རྣམ་རྒྱལ་གྱིས་ བཤད་མིའི་ནང་ གཡུས་མི་ཚུ་གིས་ གཡག་ཚུ་བཙོང་རུང་ ཁོང་རའི་ གཡུས་ཚན་གྱི་ མི་ཚུ་ལུ་ར་ བཙོང་དོ་ཡོདཔ་ལས་ གཡག་གི་གྱངས་ཁ་ལུ་ བསྒྱུར་བཅོས་སྦོམ་མེད་ཟེར་ཨིནམ་ད་ ཨ་རྟག་འབད་བ་ཅིན་ མི་ཚུ་གིས་ འོང་འབབ་ཀྱི་ ལས་སྣ་གཞན་ རྟ་བདའ་སྟེ་ ལྟ་བཤལ་པའི་ དོས་སྐྱེལ་ནི་དང་ དབྱར་རྩྭ་དགུན་འབུབ་ཚུ་ལུ་ ཤུགས་བཏོན་ཡོདཔ་ཨིན་རུང་ ནད་ཡམས་དེ་གིས་ གཡག་གསོ་སྐྱོང་འཐབ་ནིའི་སྲོལ་ ཉེན་སྲུང་འབད་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ད་རེས་ རྒེད་འོག་ནང་ གཡག་མེད་མི་ཚུ་ལུ་ ཁོང་རའི་དང་འདོད་དང་འཁྲིལ་ གཞུང་ལས་ གཡག་གི་སྐྱིད་སྡུག་ གནང་དོ་ཡོདཔ་ད་ དེ་གུ་ ལ་ལོ་ཅིག་གིས་ གཡག་ཧེང་སྐལ་ཉོ་ཐོག་ལས་ འཚོ་སྐྱོང་འཐབ་མས་ཟེར་ཨིན་པས།

སྤྱི་ལོ་༢༠༡༩-༢༠༢༠ ལུ་ དང་འདོད་ཅན་གྱི་ ཁྱིམ་གུང་༢ ལུ་ གཡག་༣༥ བགོ་བཀྲམ་འབད་ཡོདཔ་ད་ ཁྱིམ་གུང་༢ ལས་༡ གུང་གསརཔ་གཞི་བཙུགས་འབད་མི་དང་ གཞན་དེ་ ཧེ་མ་ གཞན་གྱི་གཡག་འཚོ་སྡོད་མི་ཅིག་ཨིན་པས།

རྣམ་རྒྱལ་གྱིས་འབད་བ་ཅིན་ སྤྱི་༢༠༢༠-༢༠༢༡ ལུ་ཡང་ ཁྱིམ་གུང་༤ ལུ་ གཡག་༤༨ བགོ་བཀྲམ་འབད་ནི་ཨིནམ་ད་ ཤ་ནོར་བཙོང་མིའི་ཐད་ལུ་ གཡག་ཚུ་རྐྱངམ་གཅིག་ བཙོང་དོ་ཡོདཔ་ལས་ དཔལ་འབྱོར་གྱི་ཧོངས་ལས་ བལྟ་བ་ཅིན་ དེ་ལུ་ གནོད་པ་ག་ནི་ཡང་མེད་ཟེར་ བཤདཔ་ཨིན་པས།

གཡག་ཚུ་ ཁུར་ཆ་བཀལ་ནི་དང་ ཞིང་རྨོ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་རུང་ ད་རེས་ རྟ་དང་ འཕྲུལ་གླང་ཚུ་ ཐོན་མི་ལུ་བརྟེན་ རྩྭ་འབྲོག་ལུ་ གནོད་པ་འབྱུང་ནི་མ་གཏོགས་ ཕན་ཐོགས་མེད་ཟེར་ སླབ་ཨིན་པས།

ད་ལྟོ་ སྲོས་རྒེད་འོག་ནང་ གཡག་དང་འབྱིམོ་༡,༦༠༠ དེ་ཅིག་ ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།


p.p1 {margin: 0.0px 0.0px 0.0px 0.0px; text-align: justify; line-height: 18.0px; font: 11.0px ‘DDC Uchen’}
ཉིམ་ཚེ་རིང་གི་ གནས་ཚང་གིས་ འབྱིམོ་ཅིག་ལས་ ཨོམ་བཞོ་བའི་བསྒང་།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *