ལ་གོང་༣ ལུ་སྡོད་མི་ མི་སེར་ཚུ་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་བཙུགས་དགོཔ།

༉ འབྲུག་རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་དབང་རང་བཙན་ལུ་ ཕན་ཐོགས་ཡོད་པའི་ ལ་གོང་༣ གྱི་མི་སེར་ཚུ་ གི་ འཚོ་བའི་གནས་སྟངས་ཡར་དྲག་དང་ ཡུན་བརྟན་སྦེ་སྡོད་ཐབས་ལུ་ གཞི་རྟེན་མཐུན་རྐྱེན་དང་ རྩྭ་འབྲོག་ཚུ་ མཁོ་གལ་ཅན་ཅིག་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༥ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ རྫོང་ཁག་༢༠ གི་ རྫོང་བདག་ཚུ་དང་གཅིག་ ཁར་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་འགན་ཡིག་གུ་ མཚན་རྟགས་བཀོད་བའི་སྐབས་ གནད་དོན་དེ་གི་སྐོར་ལས་ ཞུ་བ་འབད་ཡི།
དེ་ཡང་ མགར་ས་དང་ བུམ་ཐང་ ཐིམ་ཕུག་ སྤ་རོ་ ཧཱ་ ལྷུན་རྩེ་ བཀྲིས་སྒང་ དེ་ལས་ བཀྲིས་གཡང་རྩེ་རྫོང་ ཁག་གི་ ལ་མཐོ་སར་སྡོད་མི་ཚུ་ལུ་བརྟེན་ རྒྱལ་ཁབ་ལུ་ཁེ་ཕན་དང་ གཞུང་གིས་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ གསུང་གྲོས་གནང་ཡི།
མགར་ས་རྫོང་བདག་རྡོ་རྗེ་རྒྱལ་མཚན་གྱིས་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་དོན་ལུ་ ཟླཝ་༢ ཀྱི་རིང་ སློབ་ཕྲུག་ཨ་ལོ་ཚུ་ ངལ་གསོ་མ་རནམ་ལས་ ངལ་གསོ་བྱིན་ནི་དེ་ གཞུང་གིས་ ཐུགས་ཐག་བཅད་གནང་དགོ་པས་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་དོན་ལུ་ སློབ་ཕྲུག་ཨ་ལོ་ཚུ་ ངལ་གསོ་བྱིན་རུང་ སྤྱིར་བཏང་ ཆོས་རྒྱུགས་རྐྱབ་ནི་ཨིན་མི་ སློབ་ཕྲུག་ཚུ་ཨིན་པ་ཅིན་ རྫོང་བདག་གིས་ བཀག་འཛིན་འབད་དགོ་ཟེར་ཨིན་པས།
བུམ་ཐང་རྫོང་བདག་པ་སངས་རྡོ་རྗེ་གིས་ སྣུམ་འཁོར་ལམ་ལས་ རྐང་སྟོང་སྦེ་ ཉིན་གྲངས་༥ དང་༦ གི་ས་ཁར་ འགྱོ་དགོ་པའི་ ལ་གོང་༣ གྱི་ མི་སེར་ཚུ་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་གི་གྲས་ལས་ རྟ་ལམ་སེལ་ནི་དེ་ དམིགས་བསལ་གྱི་ལས་རིམ་ནང་ བཙུགས་གནང་དགོཔ་འདུག་ཟེར་ཨིན་པས།
ལ་གོང་༣ གྱི་མི་སེར་ཚུ་ རྒྱལ་ཁབ་རང་དབང་སྲུང་སྐྱོབ་འབད་ནི་ལུ་ ཁེ་ཕན་སྦོམ་ཡོད་རུང་ ཁཝ་དང་ བྱག་ རྡོ་ རི་ དེ་ལས་ ལུང་གཤོང་ཚུ་ནང་ དཀའཝ་སྤྱད་དེ་ མི་ཚེ་སྐྱོང་སྡོད་དགོ་པས་ཟེར་ཨིན་པས།
མ་གཞི་ མི་སེར་ཚུ་ལུ་ ཤེས་རིག་དང་ གསོ་བ་ བརྒྱུད་འཕྲིན་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་ དགོཔ་ཡོད་རུང་ རྟ་ལམ་དེ་ གནམ་བྱཱརདགུན་མེད་པར་ མི་སེར་ཚུ་གིས་ སྤྱོད་ཚུགས་ཐབས་ལུ་ གཙོ་རིམ་ནང་ ཚུད་དགོཔ་འདུག་ཟེར་ ཞུ་ཡི།
བློན་ཆེན་གྱིས་ གསུངས་མི་དང་འཁྲིལཝ་ད་ འཆར་གཞི་༡༢ པའི་ནང་ ལ་གོང་༣ ནང་སྡོད་མི་ མི་སེར་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ལས་རིམ་ཟིན་བྲིས་བཏབ་ཡོད་མིའི་ཐོག་ལུ་ གསུང་གྲོས་ཐེངས་༢ གནང་རུང་ གྲུབ་འབྲས་བཏོན་མ་ཚུགས་ཟེར་ཨིན་པས།
ལས་རིམ་གྲུབ་འབྲས་ཐོན་མ་ཚུགས་རུང་ ལ་གོང་༣ གྱི་མི་སེར་ཚུ་ ཡར་རྒྱས་གོང་འཕེལ་བཏང་ཐབས་ལུ་ གཏན་འཇགས་ཀྱི་ ལས་རིམ་སྦེ་བཟོ་ཡོདཔ་ལས་ འཆར་དངུལ་ཚུ་ གནང་ཡི་ཟེར་ཨིན་པས།
འཕྲལ་ཕུ་གཉིས་ལུ་ ཕན་ཐོགས་ཅན་གྱི་ ལས་རིམ་བཟོ་སྟེ་ཡོད་པ་ཅིན་ རྒྱབ་སྐྱོར་བྱིན་ནི་ཨིན་པའི་ཁར་ རྒེད་འོག་གནང་སྦྱིན་མ་དངུལ་དེ་ཡང་ ཕན་ནུས་ཅན་གྱི་ ཐབས་བྱུས་ཐོག་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ བློན་ཆེན་གྱིས་ གསུངསམ་མ་ཚད་ གལ་སྲིད་ མ་དངུལ་གྱིས་མ་ལང་པ་ཅིན་ གསུང་གྲོས་གནང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ཧཱ་རྫོང་བདག་ཀུན་བཟང་རྡོ་རྗེ་གིས་ ལ་གོང་༣ གྱི་ མི་སེར་ཚུ་ རྒྱལ་ཁབ་ལུ་ ཕན་ཐོགས་ཡོདཔ་ཤེས་རུང་ ས་གནས་ནང་ མི་སེར་ཚུ་ གཏན་འཇགས་སྦེ་སྡོད་ཐབས་ལུ་ གཞི་རྟེན་མཐུན་རྐྱེན་ ཉི་དྲོད་གློག་མེ་དང་ འགྲུལ་འཕྲིན་ མེ་ཐབ་(བུ་ཁར་རི་)ཚུ་ གཞུང་གི་ གནང་མི་གིས་ ལ་དང་ རི་གུ་སྡོད་ནི་དེ་ གདོང་ལན་ཅན་སྦེ་ སྡོད་འོང་ཟེར་ཨིན་པས།
གཞི་རྟེན་མཐུན་རྐྱེན་དོན་ལུ་ ཐབས་བྱུས་ཀྱི་དབང་ཆ་དེ་ མི་སེར་ཚུ་ལུ་ གོ་སྐབས་བྱིན་དགོཔ་ད་ ཁོང་གི་གདམ་ཁའི་ཐོག་ལུ་ གཞུང་གིས་ རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ ཞུ་ཡི།
བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ རྩྭ་འབྲོག་ཚུ་ ཁྲལ་བཏབ་སྟེ་ ཟ་སྤྱོད་འབད་མི་ཚུ་ གཞུང་གིས་ རྒུད་འཐུས་སྤྲོད་དེ་ ལོག་ལེན་ཞིནམ་ལས་ མི་སེར་ཚུ་ལུ་ གླ་ཁར་སྤྲོད་ནི་ཨིན་ཟེར་ ལས་རིམ་སོར་གྱུར་འབད་ཡི་ཟེར་ཞུ་ཡི།
གཞུང་གིས་ ལོག་མི་སེར་ཚུ་ལུ་ གླར་སྤྱོད་ཐོག་སྤྲོད་པའི་སྐབས་ མི་སེར་ཚུ་གི་བར་ན་ མོས་མཐུན་བྱུང་མ་ཚུགས་པར་ རྩོད་གཞི་ཁྲིམས་འདུན་སར་ མཐོ་གཏུགས་འབད་རུང་ རྩྭ་འབྲོག་གི་ བཅའ་ཁྲིམས་མེདཔ་ལས་ རྩོད་གཞི་ལེན་མ་བཏུབ་པས་ཟེར་ཨིན་པས།
གནད་དོན་དེ་ རྫོང་ཁག་བདག་སྐྱོང་ནང་བཅར་རུང་ དཀའ་ངལ་སེལ་མ་ཚུགསཔ་ལས་ མི་སེར་ཚུ་གིས་ རྒྱལ་ཚབ་ལུ་ སྐྱིད་སྡུག་ཞུ་མི་ལུ་ རྒྱལ་ཚབ་ཀྱིས་ གནད་དོན་དེ་ རྫོང་བདག་གིས་ དཀའ་ངལ་སེལ་ཚུགསཔ་འབད་འོང་ཟེར་ བཀའ་གནང་ནུག་ཟེར་ ཞུ་ཡི།
རྩྭ་འབྲོག་གི་དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ མི་སེར་ལུ་ གླ་ཁར་སྤྲོད་ནིའི་ལས་རིམ་དེ་ ནམ་གནང་ནི་ ཨིན་ན་དང་ ལ་ནོར་ལུ་བརྟེན་སྡོད་མི་ མེ་རག་དང་ སག་སྟེང་གི་ མི་སེར་ཚུ་ ཡུན་བརྟན་སྦེ་ རྒྱལ་ཁབ་དང་ མི་སེར་གི་དོན་ལུ་ སྡོད་དགོ་པ་ཅིན་ རྩྭ་འབྲོག་དེ་ ངེས་པར་དུ་ སྤྲོད་དགོཔ་གལ་ཆེ་བས་ཟེར་ ཞུ་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་ལྟོ་ཚུན་ཚོད་ རྩྭ་འབྲོག་གི་སྐོར་ གསུང་གྲོས་མ་གནང་ཟེར་ཨིནམ་ད་ རྩྭ་ འབྲོག་གི་གནད་དོན་ བསྒྱུར་བཅོས་འགྱོ་མི་དེ་ མཁས་མཆོག་ཚུ་དང་ གྲོས་བསྟུན་གནང་ནི་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ རྩྭ་འབྲོག་ཚུ་ མི་སེར་རེ་གཉིས་ཀྱིས་མ་གཏོགས་ མང་ཤོས་ཅིག་ལུ་ སྤྱོད་ནིའི་གོ་སྐབས་ཐོབ་མ་ཚུགས་པར་ དང་ཕུ་གི་ལུགས་སྲོལ་སྦེ་ ལུས་མི་དེ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ གཞུང་བཞེས་གནང་ནུག་ཟེར་ཨིན་པས།
བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ ས་མཚམས་ཁར་སྡོད་མི་ མི་སེར་ཚུ་གི་དོན་ལུ་ འཁོར་ལམ་འོས་འབབ་མེདཔ་ལས་ མཐུན་རྐྱེན་གཞན་ དུར་ཁྲོད་དང་ རྟ་ལམ་ཚུ་མཁོ་སྤྲོད་འབད་ཡོད་རུང་ གློག་མེའི་མཐུན་རྐྱེན་མེད་མི་དེ་ མཁོ་གལ་ཅན་སྦེ་འདུག་ཟེར་ ཞུ་ཡི།
བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ འཁོར་ལམ་གཏོན་ནིའི་འོས་འབབ་མེད་རུང་ གཞི་རྟེན་མཐུན་རྐྱེན་ རྟ་ལམ་ཚུ་ འོས་འབྱོར་ཅན་དང་ དུར་ཁྲོད་རྐྱབ་ཡོད་པ་ཅིན་ བཤད་གྲྭ་ཨིན་རུང་ ཕུལ་དགོ་ནི་དང་ གློག་མེའི་མཐུན་རྐྱེན་ཡང་ ཕུལ་ནི་དོན་ལུ་ གསུང་གྲོས་གནང་ནི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *