རྟ་ཚུ་གིས་ སྲོས་རྒེད་འོག་ནང་ དོས་སྐྱེལ་འདྲེན་འབད་བའི་བསྒང་།

ལ་གོང་༣ གྱི་དོན་ལུ་ རྟ་གླ་དང་ དོས་གླ་ཡར་སེང་གི་གྲོས་འདེབས།

༉ ཐིམ་ཕུག་རྫོང་ཁག་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞི་རྒེད་འོག་༣ གྱི་ མི་སེར་ཚུ་ འཚོ་བ་ལ་ནོར་ལུ་བརྟེན་ སྡོད་དོ་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ ཉིནམ་རེ་ལུ་ རྟའི་དོས་གླ་དངུལ་ཀྲམ་༣༠༠ རེ་དང་ བཞོན་རྟའི་གླ་འཐུས་ དངུལ་ཀྲམ་༤༥༠ རེ་ འབད་མི་དེ་ ལོག་ལྟབ་ཡར་སེང་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།

དེ་ཡང་ ཉིན་གྲངས་༢ ཀྱི་རིང་འཚོགས་མི་ རྫོང་ཁག་ཚོགས་འདུ་གིས་ གླིང་བཞི་རྒེད་འོག་ལས་ གྲོས་གཞི་སྦེ་ཕུལ་མི་ གནད་དོན་གུ་ གྲོས་བསྡུར་རྒྱས་པར་ འབད་བའི་ཤུལ་ལས་ རྟ་རེ་ལུ་ དོས་གླ་དངུལ་ཀྲམ་༣༠༠ ལས་༦༠༠ གུ་དང་ བཞོན་རྟ་རེ་ལུ་ དངུལ་ཀྲམ་༤༥༠ ལས་༨༠༠ གུ་ ཡར་སེང་འབད་ནིའི་ གྲོས་འདེབས་དེ་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།

གླིང་བཞི་དམངས་མི་ ཚེ་རིང་རྡོ་རྗེ་གིས་ ཞུ་མིའི་ནང་ རྫོང་ཁག་༢༠ གི་གྲས་ལས་ འཚོ་བ་རྟ་ལུ་བརྟེན་ སྡོད་མི་དེ་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞི་རྒེད་འོག་༣ གྱི་ མི་སེར་ཚུ་མ་གཏོགས་མེདཔ་ལས་ རྫོང་ཁག་ཚོགས་འདུ་དང་པ་ འཚོགས་པའི་སྐབས་ལུ་ རྟ་གླ་དང་ དོས་གླ་ཡར་སེང་འབད་དགོ་པའི་ གྲོས་གཞི་བཙུགས་ཡོད་རུང་ ད་ལྟོ་ཚུན་ གཞུང་གིས་ ངོས་ལེན་མ་འབད་ཟེར་ཨིན་པས།

རྟ་གླ་དང་ དོས་གླ་ཡར་སེང་འབད་དགོ་པའི་སྐོར་ ཞུ་བ་ཕུལ་དགོ་མི་དེ་ དམངས་མི་དང་འཁྲིལཝ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ ཞི་གཡོགཔ་ སློབ་དཔོན་ དེ་ལས་ མི་སྡེའི་འགོ་ཁྲིདཔ་ཟེར་ དབྱེ་བ་ག་ནི་ཡང་མེད་པར་ རྟ་གཅིག་ལུ་ ཁུར་ཆ་བཀལ་དགོ་པ་ཅིན་ གླ་འཐུས་དངུལ་ཀྲམ་༣༠༠ རེ་ལས་བརྒལ་མེདཔ་ལས་ རྟ་ལུ་ ཆག་བྱིན་ནི་དང་ དོས་འབག་མི་ཚུ་གི་ བཞེས་སྒོ་ཚུ་ལུ་ རྩིས་རྐྱབ་པ་ཅིན་ གླ་ཆ་ཉུང་དྲགས་པས་ཟེར་ དམངས་མི་གིས་ཞུ་ཡི།

དེ་བཟུམ་སྦེ་ འཕྲལ་འཕྲལ་ར་ རྒྱལ་ཡོངས་ལས་མི་དང་འཁྲིལ་ གཞུང་གི་དོས་འབག་ནི་དང་ རེ་ཚེ་སྐབས་ མི་ལེ་ཤ་སྦེ་ དོས་དང་ཁུར་ཆ་ལེན་པར་ འགྱོ་བའི་སྐབས་ རྟ་མངམ་ཡོད་མི་ལུ་ བྱ་སྟབས་མ་བདེཝ་མེད་རུང་ རྟ་༡ ལས་བརྒལ་མེད་མི་ལུ་ གྱོང་རྒུད་སྦོམ་ཕོག་མི་ལུ་བརྟེན་ ད་རེས་ཀྱི་ གནས་སྟངས་ནང་ ཟད་འགྲོ་སྦོམ་གཏང་དགོ་མི་ལུ་བརྟེན་ རྟ་གླ་དང་ དོས་གླ་ཡར་སེང་འབད་དགོ་པའི་ དུས་ཚོད་ཅིག་ཨིན་ཟེར་ཞུ་ཡི།

གླིང་བཞི་དྲུང་ཁག་གི་ དྲུང་པ་གིས་ཡང་ ལ་གོང་༣ གྱི་ མི་སེར་ཚུ་ འཁོར་ལམ་མེད་པའི་ ས་ཁོངས་ནང་ སྡོད་དོ་ཡོདཔ་ལས་ བདུན་ཕྲག་ལས་བཅད་དེ་ དོས་དང་ ཁུར་ཆ་ལེན་པར་ འཁོར་ལམ་ཚུན་ རྟ་བདའ་སྟེ་ འོང་ནི་དེ་གིས་ གླ་འཐུས་ཡར་སེང་འབད་དགོཔ་ འོས་ལྡན་འདུག་ཟེར་ རྒྱབ་སྣོན་སྦེ་ཞུ་ཡི།

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ དཀར་མདོག་གིས་ བཤད་མིའི་ནང་ དངུལ་རྩིས་བློན་པོ་དང་ གྲོས་བསྟུན་འབད་བའི་སྐབས་ རྟ་གླ་དང་ དོས་རྟ་ཡར་སེང་འབད་དགོ་པའི་ དུས་ཚོད་རན་ཡོདཔ་ལས་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཐག་བཅད་ཞིནམ་ལས་ དངུལ་རྩིས་ལྷན་ཁག་ལུ་ གྲོས་འདེབས་བཙུགས་པ་ཅིན་ཟེར་ ངག་ཐོག་ལུ་ སླབ་སྟེ་ཡོད་ཟེར་ཨིན་པས།

ཁྲི་འཛིན་གྱིས་འབད་བ་ཅིན་ ལ་ཡ་གི་ མི་སེར་ཚུ་གི་དོན་ལུ་ འབད་བ་ཅིན་ རྟ་རེ་ལུ་ གླ་འཐུས་དངུལ་ཀྲམ་༨༠༠ རེ་སྦེ་ ཚད་གཞི་བཟོ་མི་གུ་ བསྟར་སྤྱོད་འབད་བཞིན་དུ་ཡོདཔ་ལས་ ལ་གོང་༣ གྱི་ མི་སེར་ཚུ་ལུ་འབད་བ་ཅིན་ རྟའི་གླ་འཐུས་དངུལ་ཀྲམ་༣༠༠ གུ་མ་བཞག་པར་ ཡར་སེང་འབད་དགོཔ་ འོས་ལྡན་འདུག་ཟེར་ཨིན་པས།

གླིང་བཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ འཁོར་ལམ་མེད་པའི་རྒེད་འོག་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞིའི་དོན་ལུ་ དོས་གླ་ཡར་སེང་མ་འབད་བར་ ལོ་ངོ་བཅུ་ཕྲག་ལྷག་ཡོདཔ་མ་ཚད་ བཞོན་རྟ་ལུ་ གླ་འཐུས་དངུལ་ཀྲམ་༤༥༠ འབད་མི་ཡང་ ཡར་སེང་འབད་ནིའི་ དུས་ཚོད་རན་ཡོདཔ་བཞིན་དུ་ ལ་ཡ་དང་ ལུང་ནག་ན་ལུ་ དངུལ་ཀྲམ་༩༠༠ སྦེ་ ཚད་གཞི་བཟོ་མི་དེ་ གཞུང་གིས་ བཟོ་བཟོཝ་མེན་པས་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *