རླུང་འཚུབས་ཀྱིས་ ཨོ་རོང་རྒེད་འོག་ནང་ གནོད་སྐྱོན་རྐྱབ་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ རླུང་འཚུབས་ཀྱིས་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་གི་ སྤྱི་འོག་༢ ཀྱི་གཡུས་ཚན་ནང་ ཁྱིམ་གུང་༢༡ དེ་ཅིག་གི་ གེ་ཟ་ཞིང་ཨེ་ཀར་༡༠ དེ་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ ཁྱིམ་༣ ཀྱི་ཁྱིམ་ཐོག་ཚུ་ཡང་ འཕྱགས་བདའ་ཡོདཔ་ཨིན་པས།
རླུང་འཚུབས་ཀྱིས་ ཨོ་རོང་སྤྱི་འོག་ སུ་ཟུང་གཡུས་ཚན་ནང་ གནོད་སྐྱོན་མང་སུ་རྐྱབ་ཡོདཔ་ད་ ཨོ་རོང་རྒཔོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༡ དེ་ཅིག་གི་ གེ་ཟ་ཞིང་ཚུ་ མེདཔ་བཏང་ཡོདཔ་བཞིན་དུ་ ཁྱིམ་ཅིག་གི་ ཁྱིམ་ཐོག་ཡང་ འཕྱགས་བདའ་ནུག་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ རླུང་འཚུབས་དེ་གིས་ མཱན་ཆུ་རི་དང་ ཏོ་ཀོ་རོང་གཡུས་ཚན་༢ ནང་ཡང་ ཁྱིམ་༢ ཀྱི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོད་རུང་ མིའི་ཚེ་སྲོག་ལུ་ གནོད་སྐྱོན་ག་ནི་ཡང་ མ་འབྱུང་པས་ཟེར་ཨིནམ་ད་ ཁྱིམ་དེ་ཚུ་ ཉེན་བཅོལ་འབད་ཡོད་རུང་ ཞིབ་དཔྱད་ཀྱི་དོན་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་དང་ རྫོང་ཁག་སོ་ནམ་འགོ་དཔོན་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཁ་ཙ་ རྒེད་འོག་བདག་སྐྱོང་གིས་ ཉམས་རྒུདཔ་བཟའ་ཚང་ཚུ་དང་གཅིག་ཁར་ ཕྱད་ཡོདཔ་བཞིན་དུ་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ཡང་ ཞིབ་དཔྱད་ཚུ་ འབད་དོ་ཟེར་ཨིན་པས།
སུ་ཟུང་གཡུས་ཚན་ལས་ སྐྱེས་ལོ་༣༨ ལང་མི་ མཁའ་འགྲོ་གིས་ སླབ་མིའི་ནང་ ཁོ་གིས་ ས་ཆ་ཨེ་ཀར་༢ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་ག་ར་ མེདཔ་བཏང་ནུག་ཟེར་ཨིནམ་ད་ ཞིང་ནང་ ལཱ་འབད་ནི་རྐྱངམ་གཅིག་མེན་པར་ ནུབ་མོར་ ལོ་ཐོག་ཚུ་ རི་ཕག་ལ་སོགས་པ་ཚུ་ལས་ བསྲུང་དགོཔ་ལས་ དོན་མེད་སོང་ཡི་ཟེར་ཨིན་པས།
མཱན་ཆུ་རི་ལས་ སྐྱེས་ལོ་༤༩ ལང་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ རླུང་འཚུབས་ཀྱིས་ ཁོ་གི་ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་བཞིན་དུ་ ཁྱིམ་ལུ་ཡང་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ལས་ ཁོ་གི་བཟའ་ཚང་ཚུ་ ནོར་ཁྱིམ་ནང་ ཉལ་དོ་ཡོད་མི་ལུ་བརྟེན་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཞིབ་དཔྱད་གང་མགྱོགས་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དེ་ལས་ སུ་ཟང་ལས་ སྐྱེས་ལོ་༥༠ ལང་མི་ ཀེར་པོ་གིས་ སླབ་མིའི་ནང་ ས་ཆ་ཨེ་ཀར་༡.༥ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་ཚུ་ མེདཔ་བཏང་ཡོདཔ་ལས་ ཁོ་གིས་ ལཱ་རྩ་འགེངས་འབད་མི་དེ་ ཉིནམ་༡ ནང་ར་ བརྒྱ་ཆ་༧༠ ལྷགཔ་ཅིག་ མེདཔ་བཏང་ཡི་ཟེར་ཨིནམ་ད་ རླུང་འཚུབས་ཀྱིས་ ནོར་ཁྱིམ་མེདཔ་བཏང་མི་ལུ་བརྟེན་ ཨོམ་བཞོ་མི་ ཇར་སི་བ་ཅིག་ བསད་ཡོད་རུང་ ནོར་གཞན་མི་ཚུ་ ཉེན་སྲུང་འབད་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་འགོ་དཔོན་དང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་ འབད་དོ་ཡོད་རུང་ རྒུད་འཐུས་ཐོབ་མ་འཐོབ་ཀྱི་སྐོར་ལས་ འབྲེལ་ཡོད་འགོ་དཔོན་ག་གིས་ཡང་ སླབ་མ་བཏུབ་མི་ལུ་བརྟེན་ ཚ་གྱང་ལངམ་མས་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ དཔལ་སྒྲོན་མཚོ་མོ་གིས་ སླབ་མིའི་ནང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ གེ་ཟ་ཞིང་ཨེ་ཀར་ ག་དེམ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་ན་ སླབ་མི་ཤེས་ཟེར་ཨིནམ་ད་ ཨིན་རུང་ ཁྱིམ་གུང་པ་༤ གི་ གེ་ཟ་ཞིང་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ནུག་ཟེར་ཨིནམ་ད་ ཞིབ་དཔྱད་འབད་ཚར་ཞིནམ་ལས་ རྫོང་ཁག་ལུ་ སྙན་ཞུ་འབད་ནི་ཨིནམ་ལས་ རྒུད་འཐུས་ཀྱི་སྐོར་ལས་ ད་ལྟོ་ ག་ནི་ཡང་ སླབ་མི་ཤེས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *