འགྱུར་མེད་རྒེད་འོག་ནང་ རླུང་འཚུབས་ཀྱིས་ ཁྱིམ་ཐོག་ཚུ་ འཕྱགས་བདའ་མིའི་གྲས་ལས་ གཅིག།

རླུང་འཚུབས་ཀྱིས་ མོང་སྒར་ལུ་ ཁྱིམ་གུང་༢༠ གི་ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༡ གི་ ནུབ་མོའི་ཆུ་ཚོད་༡༠ དང་༡༡ གི་བར་ན་ མོང་སྒར་ རྩ་མང་རྒེད་འོག་ནང་ རླུང་འཚུབས་འཕུ་མི་ལུ་བརྟེན་ གུང་པ་༥ གི་ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་ལས་ ཉམས་རྒུདཔ་ཚུ་ལུ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གི་ཁ་ཐུག་ལས་ ཉེ་བར་མཁོ་བའི་ རྒྱབ་སྐྱོར་ཚུ་འབད་ཡི།
རླུང་འཚུབས་ཀྱིས་ གུང་པ་༥ གི་ཁྱིམ་ཐོག་ཚུ་ འཕྱགས་བདའ་མི་ལས་ གུང་པ་༣ ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་བཞིན་དུ་ གུང་པ་༢ ཀྱི་ཁྱིམ་ཐོག་ཚུ་ལུ་ གནོད་སྐྱོན་དུམ་གྲ་རེ་བརྒལ་ལས་ མ་བྱུངམ་ཨིན་པས།
སྐྱེས་ལོ་༦༧ ལང་མི་ ཉམས་རྒུདཔ་རྡོ་རྗེ་ལྷ་མོ་གིས་ སླབ་མིའི་ནང་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ རླུང་འཚུབས་འཕུ་མི་དེ་གིས་ མོ་གི་ཁྱིམ་ཐོག་ ལྕགས་ཤོག་དང་ ཤིང་ཆས་ཚུ་ག་ར་ འཕྱགས་བདའ་ནི་དེ་གིས་ མནོ་བསམ་བཏང་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐོག་ཚད་༣ འབད་མི་ རང་ལུགས་ཀྱི་ཁྱིམ་དེ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ཞུ་ཞིནམ་ལས་རྐྱབ་སྟེ་ ལོ་༡༢ དེ་ཅིག་ལས་ མ་ལང་ཟེར་ཨིན་པས།
མོ་ལུ་ ཨ་ལོ་༦ ཡོད་རུང་ ལ་ལོ་ཅིག་ རྨགཔ་དང་ ཨ་ལོ་ཅིག་ རྫོང་ཁག་གཞན་ཚུ་ནང་ གཞུང་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་དེ་ སྡོད་དོ་ཡོདཔ་ལས་ ཆ་རོགས་འབད་མི་ ག་ཡང་མེདཔ་ལས་ ཁྱིམ་ཚང་ཚུ་གིས་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༧ ལང་མི་ ཀུན་བཟང་ཆོས་སྒྲོན་དང་ གཡུས་མི་གཞན་གྱི་ ཁྱིམ་ཐོག་ཚུ་ཡང་ འཕྱགས་བདའ་ཡོད་རུང་ གནོད་སྐྱོན་སྦོམ་སྦེ་ར་ མ་བྱུངམ་ཨིན་པས།
རྫོང་ཁག་རྐྱེན་ངན་འཛིན་སྐྱོང་སྡེ་ཚན་ལས་ འགོ་དཔོན་ཀརྨ་གིས་ སླབ་མིའི་ནང་ ཉམས་རྒུདཔ་ཚུ་ལུ་ ཆུ་ཤོག་ཚུ་ བྱིན་ཡོདཔ་མ་ཚད་ ཉེན་བཅོལ་ཡིག་ཚང་གི་ཁ་ཐུག་ལས་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༣༡ གི་ཕྱི་རུ་ རླུང་འཚུབས་ཀྱིས་ འགྱུར་མེད་རྒེད་འོག་ནང་ཡང་ གུང་པ་༡༡ གྱི་ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོད་མི་ལས་ གུང་པ་༣ ལུ་ གནོད་སྐྱོན་སྦོམ་རྐྱབ་ཡོད་རུང་ གུང་པ་༨ ཀྱི་ཁྱིམ་ཚུ་ལུ་ དུམ་གྲ་རེ་མ་གཏོགས་ མ་འབྱུང་པས་ཟེར་ འགྱུར་མེད་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བདུན་ཕྲག་ཧེ་མམ་ནང་ཡང་ འགྱུར་མེད་རྒེད་འོག་ནང་ གུང་པ་༣ གྱི་ཁྱིམ་ཐོག་དང་ ཐང་རོང་རྒེད་འོག་ནང་ གུང་པ་༢ ཆ་གླིང་ལུ་ གུང་པ་༡ དེ་ལས་ འབྲས་སྤུངས་རྒེད་འོག་ནང་ གུང་པ་༡ འབདཝ་ད་ བསྡོམས་ཀྱིས་གུང་པ་༢༠ གི་ ཁྱིམ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཀརྨ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་སྐབས་ གཡུས་ཁའི་ཁྱིམ་ཚུ་ མང་ཤོས་ར་ ཁྱིམ་ཐོག་སྒྲིང་སྒྲི་སྦེ་ མ་བསྡམ་པར་བཞག་པའི་ ངོས་འཛིན་བྱུང་ནུག་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *