རླུང་འཚུབས་ཀྱིས་ འཕྱགས་བདའ་མི་ ཁྱིམ་ཐོག་ཚུ་གི་གྲས་ལས་ གཅིག།

རླུང་འཚུབས་ཀྱིས་ དར་ལ་ལུ་ ཁྱིམ་༡༢ ཀྱི་ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༨ ཀྱི་ནུབ་མོ་ རླུང་འཚུབས་ཤུགས་སྦེ་ འཕུ་མི་ལུ་བརྟེན་ ཆུ་ཁ་ དར་ལ་གཡུས་ཚན་༨ ཀྱི་ཁྱིམ་༡༢ དང་ གེ་ཟ་ཞིང་ ཨེ་ཀར་ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཁྱིམ་ཐོག་ཚུ་ཡང་ འཕྱགས་བདའ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དྲུང་ཁག་དང་ དར་ལ་རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ གནོད་སྐྱོན་ག་དེམ་ཅིག་ རྐྱབ་ཡོདཔ་ཨིན་ནའི་སྙན་ཞུ་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ད་ སྙན་ཞུ་ཚུ་ ད་རིས་ཤེས་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་ཚེ་ཕྱི་རུ་ གློག་ཀེམ་ལུ་བརྟེན་ སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ད་ལྟོ་སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
གྱེན་གུ་གཡུས་ཚན་ནང་ རླུང་འཚུབས་ཀྱིས་ སྐྱེས་ལོ་༦༤ ལང་མི་སོ་ནམ་པ་ པདྨ་གྲགས་པ་གིས་ ཁྱིམ་ཐོག་ག་ར་ འཕྱགས་བདའ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁྱིམ་གྱི་གྱང་རྩིག་གི་ ཙོག་ཕུར་གཡོ་བཏང་ནུག་ཨིནམ་ད་ དེ་བསྒང་ ཁོ་ར་ ཁོ་རའི་ནུ་གཅུང་གི་ ཁྱིམ་ནང་ཡོད་ཟེར་ཨིན་པས།
པདྨ་གྲགས་པ་གིས་ སླབ་མིའི་ནང་ ཁྱིམ་བཅོ་ཁ་རྐྱབ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ རྒྱབ་སྐྱོར་ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ གྱེན་གུ་གཡུས་ཚན་ནང་ སྐྱེས་ལོ་༥༢ ལང་མི་ གོ་རེ་ གུ་རུང་གི་ ཁྱིམ་ལུ་གནོད་སྐྱོན་མ་རྐྱབ་རུང་ གེ་ཟ་ཞིང་ནང་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ནུག་ཟེར་ཨིན་པས།
ཁ་ཙ་ དར་ལ་རྒཔོ་ མིལ་ཀུ་མར་ མོང་སྒར་འགོ་འདྲེན་ཐོག་ལས་ གནོད་སྐྱོན་རྐྱབ་མི་ ཁྱིམ་ཚུ་ནང་ བརྟག་ཞིབ་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ རང་བཞིན་གྱི་ རྐྱེན་ངན་དེ་གིས་ མང་ཤོས་ར་ ཁྱིམ་ཐོག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཁྱིམ་ལ་ལོ་ཅིག་ལུ་ གག་གྲམ་ཐོན་ཡོད་པའི་ སྙན་ཞུ་ཡང་ ལྷོད་ཅི་ཟེར་ཨིན་པས།
བར་ཁེ་གཡུས་ཚན་ལས་ སྐྱེས་ལོ་༨༠ ལང་མི་ བིམ་བྷ་དུར་ ཀར་ཀི་གིས་ སླབ་མིའི་ནང་ ཁོ་རའི་ཁྱིམ་དེ་ གག་གྲམ་ཐོན་སྟེ་ཡོད་ཟེར་ཨིནམ་ད་ ཚོད་བསྲེ་རིགས་ ཀ་ཀུར་དང་ ཅུ་གླི་ དེ་ལས་ གེ་ཟ་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་ཨིན་པས།
ཁ་ཙ་ ཉིན་མ་ལས་འགོ་བཙུགས་ཏེ་ སོ་ནམ་པ་ལ་ལོ་ཅིག་གིས་ རང་སོའི་ཁྱིམ་ཐོག་ཚུ་ ལོག་བཀབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཙ་ དར་ལ་རྒེད་འོག་དང་ ཉེན་བཅོལ་གྱིས་ གཡུས་སྒོ་ཚུ་ནང་ བརྟག་ཞིབ་འབད་ཡི་ཟེར་ཨིནམ་ད་ དར་ལ་རྒེད་འོག་ནང་ རླུང་འཚུབས་ཀྱིས་ སོ་ནམ་ཚོང་ཁང་དང་ ཆུ་སྨད་ལ་ཁ་སློབ་གྲྭ་ཆུང་བ་ རྒེད་འོག་ཡིག་ཚང་ དེ་ལས་ བྱམ་དང་ ཕགཔ་གསོ་སྐྱོང་ཁང་ཚུ་ནང་ གནོད་སྐྱོད་རྐྱབ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དྲུང་པ་ ཀརྨ་རིན་ཆེན་གྱིས་ སླབ་མིའི་ནང་ རླུང་འཚུབས་ཀྱིས་ ཁྱིམ་ག་ར་ལུ་ གནོད་སྐྱོན་སྦོམ་སྦེ་ར་ མ་རྐྱབ་རུང་ ཉེན་བཅོལ་གྱི་དོན་ལུ་ ཁྱིམ་༡༢ དེ་ཅིག་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ལུ་ རྒུད་འཐུས་ཚུ་ འཕྲལ་མགྱོགས་ར་ བྱིན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ རྒུད་འཐུས་དེ་གིས་ ལྕགས་ཤོག་ཚུ་ ཉོ་ཚུགས་པ་ཅིན་ སོ་ནམ་པ་ག་ར་གིས་ རང་སོའི་ཁྱིམ་ཚུ་ ཉམས་བཅོས་ཀྱི་ རྒྱབ་སྐྱོར་འབད་ནི་ལུ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།
དྲུང་པ་གིས་ བཤད་མིའི་ནང་ རླུང་འཚུབས་ཀྱིས་ མང་ཤོས་ར་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་ གཞུང་ལམ་དེ་ཡང་ སྐམ་སྦྱིས་དང་ དགེ་འདུ་བར་ན་ ཤིང་འགྱེལ་འོང་མི་ལུ་བརྟེན་ འཁོར་ལམ་བསུབས་ཡོད་རུང་ དུས་ཐོག་ལུ་ བསལ་ཚུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *