གསར་སྤང་ལུ་ ཁྱིམ་གུང་༢༤༩ གི་ དོག་མ་ཤིང་༨,༩༠༧ དང་ ངང་ལག་ཤིང་༣,༧༥༧ བརྡབས་བཏང་ནུག།

རླུང་འཚུབས་ཀྱིས་ ཉམས་རྒུད་བྱུང་མི་ཚུ་ལུ་ སོན་དང་ སྒོ་ནོར་གྱི་ རྒུད་འཐུས་སྤྲོད་ཡོདཔ།

གསར་སྤང་རྫོང་ཁག་ནང་ སྤྱི་ཟླ་༣ པའི་ཚེས་༢༩ ལུ་ རླུང་འཚུབས་ཀྱིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ གྱོང་རྒུད་ཕོག་མི་ སོ་ནམ་པ་ཚུ་ལུ་ དངུལ་ཀྲམ་ས་ཡ་༠.༧༦༩ དེ་ཅིག་གི་ སོན་དང་ སྒོ་ནོར་ཚུ་ རྒུད་འཐུས་སྦེ་ སྤྲོད་ཡོདཔ་ཨིན་པས།

སོ་ནམ་ལྷན་ཁག་གིས་ ཉམས་རྒུདཔ་ཚུ་ལུ་ ཚོད་བསྲེ་གི་སོན་དང་ གེ་ཟ་སོན་ཀེ་ཇི་༨༤༠ ལོག་འཛུགས་སྐྱོང་གི་དོན་ལུ་ རིན་མེད་སྟོང་པར་སྦེ་ བགོ་བཀྲམ་འབད་ནུག།

གསར་སྤང་རྫོང་ཁག་གི་ སྐྱིད་སྡུག་འགོ་དཔོན་ ཀརྨ་ཆོས་གྲགས་ཀྱིས་ སླབ་མིའི་ནང་ རླུང་འཚུབས་ཀྱིས་ གནོད་སྐྱོན་མང་ཤོས་ར་ དོག་མ་ཤིང་ཚུ་ལུ་ རྐྱབ་ཡོདཔ་ལས་ དེ་ཚུ་གི་དོན་ལུ་ ལོ་༣ ལང་མི་ དོག་མ་ལྕངམ་ཚུ་ རྒུད་འཐུས་སྦེ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༢༩ ལུ་ རླུང་འཚུབས་དང་སྦྲགས་ སེརཝ་རྐྱབ་ད་ གསར་སྤང་རྫོང་ཁག་ ཤོམ་སྤང་ཁ་དང་ དགའ་སྐྱིད་གླིང་ སེངྒེ་རྒེད་འོག་ཚུ་ནང་ ཁྱིམ་གུང་༣༦༡ གི་ ཁྱིམ་དང་ ཐོ་ལོག་ སྒོ་ནོར་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་ད་ རྒེད་འོག་གསུམ་ལས་ ཤོམ་སྤང་ཁ་ལུ་ གནོད་སྐྱོན་སྦོམ་ རྐྱབ་ཡོདཔ་ཨིན་པས།

རླུང་འཚུབས་ཀྱིས་ གྲོང་ཁྱིམ་༦ གི་ ཁྱིམ་ཐོག་དང་ བྱ་གསོ་སྐྱོང་ཁང་གི་ སྦ་སྒོར་༡༢ འཕྱགས་བདའ་ཡོདཔ་ད་ ཁྱིམ་གུང་༣༢༩ གི་ ལོ་ཐོག་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ ཁྱིམ་གུང་༣༩ གི་ སྒོ་ནོར་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་མི་ལས་ བྱ་༧༡༠ བསད་ཡོདཔ་མ་ཚད་ སྒོང་རྡོག་༡,༥༠༠ དཀྲུམས་བཏང་ཡོདཔ་ཨིན་པས།

རླུང་འཚུབས་ལུ་བརྟེན་ ཉམས་རྒུད་བྱུང་མི་ ཁྱིམ་གུང་༣༦༡ གི་གྲས་ལས་༡ དཀོན་མཆོག་གླིང་གཡུས་ཚན་ནང་སྡོད་མི་ ཕུལ་མ་ཡ་ཏ་མང་གི་ བཟའ་ཚང་ཨིནམ་ད་ མོ་གིས་ མོ་རའི་ར་མོ་དེ་ རླུང་འཚུབས་ཀྱི་ རྐྱེན་ངན་ནང་ ག་དེ་སྦེ་ གནོད་སྐྱོན་བྱུང་སྟེ་ ཤི་ཡོདཔ་ཨིན་ནའི་སྐོར་ སེམས་སྐྱོ་སི་སི་སྦེ་ དྲན་ཚོར་འབདཝ་ཨིན་པས།

རླུང་འཚུབས་དང་ སེརཝ་གིས་ ཁྱིམ་གུང་༢༤༩ གི་ དོག་མ་ཤིང་༨,༩༠༧ དང་ ངང་ལག་ཤིང་༣,༧༥༧ བརྡབས་བཏང་ཡོདཔ་མ་ཚད་ ཁྱིམ་གུང་༨༩ གི་ གེ་ཟ་ཞིང་ཨེ་ཀར་༦༩.༩༥ དང་ ཁྱིམ་གུང་༥༠ གི་ ཚོད་བསྲེ་རིགས་མ་འདྲཝ་ འཛུགས་སྐྱོང་འབད་སའི་ ས་ཆ་ཨེ་ཀར་༡༤.༡ དང་ ཨེ་མ་ཨེ་ཀར་༨.༥༩ མེདཔ་བཏང་ཡོདཔ་ཨིན་པས།

ད་རུང་ ཤིང་ཐོག་ལི་ཅི་དང་ ཨམ་ཅུ་ཀུ་ལི་ བལཔ་སེའུ་ མོ་དུ་ཕ་ལ་ རྒྱ་ནག་ཀོང་ཙེ་ བེ་ཏ་ལ་སོགས་པའི་ ཤིང་ཚུ་ཡང་ མེདཔ་བཏང་ནུག།

ཤོམ་སྤང་ཁ་ལས་ རྡོ་རྗེ་ལྷ་མོ་ལུ་ དོག་མ་ཤིང་༤༠༠ ཡོད་མི་ལས་༣༤ རླུང་འཚུབས་ཀྱིས་ མེདཔ་བཏང་ཡོདཔ་ད་ ད་ལས་ཕར་ འདི་བཟུམ་མའི་ རླུང་འཚུབས་དང་ གནམ་གཤིས་གནས་སྟངས་ཀྱི་ རྐྱེན་ངན་འབྱུང་མ་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ མོ་གིས་ བཤདཔ་ཨིན་པས།

དེ་ལས་ དོག་མའི་ཚོང་འབྲེལ་འཐབ་མི་ཚུ་ལུ་ཡང་ དོག་མའི་གོང་ཚད་ ལེགས་ཤོམ་མི་འཐོབ་ནི་གི་ ཚ་གྱང་ལང་ཡོདཔ་ད་ དོག་མ་ཚོང་འབྲེལ་འཐབ་མི་ ཚེ་རིང་རྡོ་རྗེ་གིས་ རྒེད་འོག་༣ ལས་ དོག་མ་ཚུ་ བསྡུ་བསྒྱོམ་འབད་ཐོག་ལས་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

གྲོང་གསེབ་མི་སེར་མང་ཤོས་ཅིག་གིས་ར་ དོག་མ་ཚུ་ མ་བཏོགཔ་ལས་ར་ ཚེ་རིང་རྡོ་རྗེ་བཟུམ་མའི་ ཚོང་པ་ཚུ་ལུ་བཙོང་སྟེ་ རིན་ཡང་ལེན་ཚར་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༥ ཟླ་༤ པའི་ཚེས་༤ ལུ་ གསར་སྤང་ལུ་ རླུང་འཚུབས་དང་གཅིག་ཁར་ སེརཝ་རྐྱབ་པའི་སྐབས་ ཁྱིམ་ཅིག་གི་ ཁྱིམ་ཐོག་འཕྱགས་བདའ་ཡོདཔ་མ་ཚད་ ཆུ་གཟར་སྒང་རྒེད་འོག་ནང་ བོའུ་ཅུང་༤ བསད་པའི་ཁར་ ཉིནམ་དག་པ་ཅིག་གི་རིང་ གློག་མེ་རྒྱུན་སྤེལ་གྱི་ དཀའ་ངལ་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *