རླུང་འཚུབས་ཀྱིས་ དཔལ་བཤུབ་ཕུག་དང་ ཕ་ནཱསི་སྤྱི་འོག་༢ ཀྱི་ ཁྱིམ་གུང་པ་༢༥ དེ་ཅིག་གི་ ཕོད་ཏོག་བཏགས་ཡོད་མི་ གེ་ཟ་ཚུ་ བརྡབས་བཏང་ཡོད་པའི་མཐོང་སྣང་།

རླུང་འཚུབས་ཀྱིས་ གེ་ཟའི་ཞིང་ཨེ་ཀར་༡༠ ལྷགཔ་ཅིག་མེདཔ་བཏང་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༩ ལུ་ ཆརཔ་དང་གཅིག་ཁར་ རླུང་འཚུབས་འཕུ་མི་ལུ་བརྟེན་ མོང་སྒར་སྔ་ཚང་རྒེད་འོག་ནང་ ལོ་ཐོག་གེ་ཟའི་ཞིང་ ཨེ་ཀར་ཕྱེདང་༡༡ དེ་ཅིག་ མེདཔ་བཏང་ནུག་ཟེར་ཨིན་པས།

དེ་ཚེ་ཉི་མའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ལུ་འཕུ་མི་ རླུང་འཚུབས་དེ་གིས་ དཔལ་བཤུབ་ཕུག་དང་ ཕ་ནཱསི་སྤྱི་འོག་༢ ཀྱི་ ཁྱིམ་གུང་པ་༢༥  དེ་ཅིག་གི་ ཕོད་ཏོག་བཏགས་ཡོད་མི་ གེ་ཟ་ཚུ་ བརྡབས་བཏང་ཡོདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཁོངས་གཅིག་ནང་ རླུང་འཚུབས་འཕུ་སྟེ་ ལོ་ཐོག་ལུ་ གནོདཔ་རྐྱབ་མི་དེ་ འདས་པའི་ཉམས་མྱོང་ཚུ་དང་འཁྲིལཝ་ད་ སྐྱེ་ལྷ་ཡུལ་ལྷའི་ ཆོ་འཕྲུལ་ཨིན་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པར་ རང་ཟླ་༧ པ་ཚུན་ རི་དམ་གྱི་ དུས་ཚོད་ཨིནམ་ལས་ ལ་ཁར་འགྱོ་མ་ཆོགཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མི་ཚུ་ སྤྱི་འོག་༢ ཀྱི་ གཡུས་སྟོད་ལུ་ཡོད་མི་ བཙན་ཕུག་དང་ ལ་རྒྱབ་ལུ་འགྱོ་བའི་ དོགས་པ་ཡོད་ཟེར་ཨིན་པས།

དཔལ་བཤུབ་ཕུག་སྤྱི་འོག་ནང་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ས་སྒོ་ཚུ་ནང་ མི་ཚུ་འགྱོ་བའི་ ལོ་རྒྱུས་གོ་ཡི་ཟེར་ཨིནམ་ད་ ཧེ་མ་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་མི་དང་འཁྲིལཝ་ད་ རི་དམ་གྱི་དུས་ལུ་ ལ་ཁར་མི་འཛུལ་ཡོད་པ་ཅིན་ ས་གནས་གཞན་ཁར་ རླུང་འཚུབས་ག་ཏེ་ཡང་ མ་འཕུ་བར་ ཉེ་འདབས་ཀྱི་ གཡུས་སྒོ་དེ་ཚུ་ནང་རྐྱངམ་གཅིག་ གནོདཔ་བཀལཝ་ཨིན་ཟེར་ བཤདཔ་ཨིན་པས།

གེ་ཟ་དེ་ སྤྱི་འོག་༢ ཀྱི་ སོ་ནམ་པ་ཚུ་གི་དོན་ལུ་ ལོ་ཐོག་གཙོ་ཅན་ཅིག་ཨིན་པས།

རྒེད་འོག་བདག་སྐྱོང་དང་ རྒེད་འོག་སོ་ནམ་རྒྱ་སྐྱེད་ཡིག་ཚང་གིས་ གནོད་སྐྱོན་བྱུང་མི་ཛུ་ལུ་ དབྱེ་ཞིབ་འབད་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ སྙན་ཞུ་དེ་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་སྡེ་ཚན་ལུ་ གཏང་ནི་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་འོག་གི་ རྒེད་འོག་༢ ནང་ཡང་ རྒེད་འོག་ལྟེ་བའི་ལམ་བསུབས་ཡོད་མི་ཚུ་ སེལ་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༧ པའི་ཚེས་༩ འི་ཕྱི་རུ་ ཆརཔ་ལུ་བརྟེན་ གནམ་གླིང་དང་ ལ་སྟོང་ལའི་བར་ན་ ས་གནས་ཁག་ལེ་ཤ་ཅིག་ནང་ ས་རུད་ཀྱིས་ ལམ་བསུབས་ཡོད་མི་དེ་ གླིང་མེད་ཐང་ལུང་ཕྱོགས་ ལམ་སེལ་ལས་ཁུངས་ཡིག་ཚང་གིས་ ས་རྐོ་འཕྲུལ་ཆས་བཙུགས་ཏེ་ བསལ་བའི་ཤུལ་ལས་ རེས་གཟའ་ཉི་མའི་ ཉི་མ་ཁམས་ཅིག་ལས་ བསལ་ཚར་ཏེ་ མོང་སྒར་དང་ བུམ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ བཏང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *