རྫོང་ཁག་འགོ་དཔོན་ཚུ་གིས་ གེ་ཟ་ཞིང་གནོད་སྐྱོན་བྱུང་མི་ཚུ་ལུ་ བརྟག་ཞིབ་འབད་བའི་བསྒང་།

རླུང་འཚུབས་ཀྱིས་ གུང་པ་༨༡༠ གྱི་ གེ་ཟ་ཞིང་ཨེ་ཀར་༢༢༥ མེདཔ་བཏང་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༨   ཀྱི་ཕྱི་རུ་ མོང་སྒར་རྫོང་ཁག་གི་ རྒེད་འོག་༧ ནང་ རླུང་འཚུབས་འཕུ་མི་ལུ་བརྟེན་ གུང་པ་༨༡༠ གྱི་ གེ་ཟ་ཞིང་ཨེ་ཀར་༢༢༥ གནོད་སྐྱོན་རྐྱབ་ནུག།

དེ་ཡང་ ལྕགས་ས་མཁར་རྒེད་འོག་ནང་ གུང་པ་༡༧༤ གི་ གེ་ཟ་ཞིང་ཨེ་ཀར་༡༠༤ དང་ ཙ་ཀ་གླིང་རྒེད་འོག་ནང་ གུང་པ་༤༡ གི་ཨེ་ཀར་༡༥ རྩ་མང་རྒེད་འོག་ནང་ གུང་པ་༡༠ གྱི་ཨེ་ཀར་༡ ལྷགཔ་ཅིག་ མོང་སྒར་རྒེད་འོག་ནང་ གུང་པ་༣༧ གྱི་ཨེ་ཀར་༡༤ དེ་ལས་ ཐང་རོང་རྒེད་འོག་ནང་ གུང་པ་༢༣ གྱི་ཨེ་ཀར་༡༤ མེདཔ་བཏང་ཡོདཔ་ཨིན་པས།

དེ་མ་ཚད་ འབྲས་སྤུངས་རྒེད་འོག་ནང་ གུང་པ་༢༣ གྱི་ གེ་ཟ་ཞིང་ཨེ་ཀར་༢༧ དང་ སྔ་ཚང་རྒེད་འོག་ནང་ གུང་པ་༤༨༤ གི་ཨེ་ཀར་༨༠ དེ་ཅིག་ གནོད་སྐྱོན་རྐྱབ་ནུག།

ལྕགས་སི་མཁར་རྒེད་འོག་ ན་དྭངས་གཡུས་ཚན་ལས་ ཨ་ལོ་༢ ཀྱི་ཨ་པ་ པདྨ་དབང་འདུས་ཀྱིས་ སླབ་མིའི་ནང་ ཨེ་ཀར་༡ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་དེ་གིས་ ལོ་བསྟར་བཞིན་དུ་ གེ་ཟ་བྲེ་༥,༠༠༠ དང་༡༠,༠༠༠ གི་བར་ན་ ཐོན་སྐྱེད་འབདཝ་ཨིན་ཟེར་ཨིན་པས།

ཐོན་སྐྱེད་དེ་ལུ་བརྟེན་ བཟའ་ཚང་ནང་མི་༡༠ དེ་ཅིག་ དཀའ་ངལ་ག་ནི་ཡང་མེདཔ་སྦེ་ གསོ་ཚུགས་མི་དེ་ ད་རེས་ ཡུདཔ་ཐེངས་ཅིག་ནང་ མེདཔ་བཏང་ཡོདཔ་ལས་ བཟའ་ཚང་གསོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ ལྕགས་སི་མཁར་རྒེད་འོག་ མཁར་སྣང་གཡུས་ཚན་ལས་ ཨ་ལོ་༤ གི་ཨའི་ ཨྱོན་དབང་མོ་གིས་ སླབ་མིའི་ནང་ སྐམ་ཞིང་ཨེ་ཀར་༢ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་ཚུ་ རྩ་བ་ལས་ མེདཔ་བཏང་ཡོདཔ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༣ གྱི་དོན་ལུ་ ག་དེ་སྦེ་ ཟད་འགྲོ་གཏང་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།

སྔ་ཚང་ལས་ སྐྱེས་ལོ་༦༠ ལང་མི་ ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ ཨེ་ཀར་༡ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་མི་གེ་ཟ་ཚུ་ རླུང་འཚུབས་ཀྱིས་ མེདཔ་བཏང་མི་ལུ་བརྟེན་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་ལས་ གཞུང་གིས་ རྒྱབ་སྐྱོར་གནང་བའི་ རེ་བ་ཡོད་ཟེར་ཨིན་པས།

ལྕགས་ས་མཁར་རྒཔོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ དེ་བཟུམ་མའི་ རྐྱེན་ངན་མ་འབྱུང་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ འཚོ་བ་གཙོ་བོ་ གེ་ཟ་ལུ་བརྟེན་སྡོདཔ་ལས་ འཚོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་རུང་ རྒེད་འོག་གིས་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་མ་ཚུགས་མི་དེ་ལུ་ སེམས་ཕམ་ཡོད་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ཞིབ་དཔྱད་འབད་མི་ སྙན་ཞུ་ཚུ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ནང་ བཏང་ཞིནམ་ལས་ ཞིབ་དཔྱད་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ལྕགས་སི་མཁར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *