༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།
རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁའི་ཆོས་ཚན་ལས་ མཐར་འཁྱོལ་མ་ཚུགས་པའི་ རྒྱུ་མཚན་གཅིགཔོ་དེ་ཡང་ རྩ་གཞུང་ནང་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་མེད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
མི་མང་གི་ ལོ་བསྟར་སྙན་ཞུ་༢༠༢༢ དང་འཁྲིལ་བ་ཅིན་ མི་ངོམ་༡༣,༧༠༠ གིས་ སྤྱི་ལོ་༢༠༢༡ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེའི་ ཆོས་རྒྱུགས་རྐྱབ་ས་ལས་ མི་ངོམ་༧༢༧ གིས་ རྫོང་ཁའི་ཆོས་རྒྱུགས་ལས་ མཐར་འཁྱོལ་མ་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་དེ་ནང་ར་ སློབ་རིམ་༡༠ པའི་ ཆོས་རྒྱུགས་རྐྱབ་མི་ མི་ངོམ་༡༢,༥༤༦ ཡོད་ས་ལས་ མི་ངོམ་༡,༢༡༩ གིས་ མཐར་འཁྱོལ་མ་ཚུགས་པས་ཟེར་ཨིན་པས།
རྡོ་རྗེ་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཆོས་ཚན་ སློབ་དཔོན་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁའི་ཆོས་ཚན་དེ་ བརྗོད་དོན་དང་ རྩ་གཞུང་དེ་ར་ ལེགས་ཤོམ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གིས་ སྤྲོ་བ་བསྐྱེད་མི་འོང་ཟེར་ཨིན་པས།
སློབ་རིམ་༡༢ པ་ མཇུག་བསྡུ་ཞིནམ་ལས་ ཕྱིའི་རྒྱལ་ཁབ་ནང་ དཔེ་ཆ་བལྟ་བར་འགྱོ་དོ་ཡོདཔ་ལས་ རྫོང་ཁའི་ཆོས་ཚན་དེ་ ཁག་མི་ཆེ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ རྫོང་ཁའི་ཆོས་ཚན་དེ་ ཆོས་ཚན་ངོ་མ་ཅིག་སྦེ་བཟོ་བ་ཅིན་ དམིགས་དོན་འགྲུབ་ཚུགས་ནི་མས་ཟེར་ཨིན་པས།
རྫོང་ཁའི་ཆོས་ཚན་ ལོ་ངོ་༡༠ ལྷགཔ་ཅིག་ སློབ་སྟོན་འབད་མི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་མི་མེདཔ་ལས་ སློབ་སྟོན་འབད་ནི་ལུ་ཡང་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
སློབ་སྟོན་འབད་མི་ སློབ་དཔོན་སོ་སོ་ཅིག་གིས་ སླབ་མིའི་ནང་ ལྷག་ནི་དང་ འབྲི་ནིའི་སྦྱང་བ་དེ་ ཚད་དང་ལྡནམ་སྦེ་ མེད་ཟེར་ཨིནམ་ད་ དཀའ་ངལ་ཆེ་ཤོས་ར་ ཁྲོམ་ཁར་སྡོད་མི་ཚུ་ལུ་ འདུག་ཟེར་ཨིན་པས།
རྩ་གཞུང་དེ་ སང་ཕོད་ཀྱི་སློབ་དུས་ལས་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།