རྫོང་ཁའི་གསར་ཤོག་གི་ བརྡ་བརྒྱུདཔ་ཚུ་གིས་ དཔྱད་ཞིབ་འབད་མི་ དྲང་དཔོན་ཚུ་ལུ་དྲི་བཀོད།

༉ སྤྱི་ཟླ་༥ པའི་ཚེས་༣ ལུ་ ཐིམ་ཕུག་ལུ་ འཛམ་གླིང་བརྡ་བརྒྱུད་དལ་དབང་གི་ཉིནམ་ བརྩི་སྲུང་དང་འབྲེལ་ བརྡ་བརྒྱུདཔ་༢༠ ལུ་ གཟེངས་བསྟོན་ཀྱི་ གསོལ་རས་བྱིན་ཡོདཔ་ལས་ གསོལ་རས་ཐོབ་མི་དང་ འབྲེལ་ཡོད་བརྡ་བརྒྱུད་ལས་ཁང་ཚུ་ སེམས་དགའ་སྟེ་ཡོད་རུང་ རྫོང་ཁའི་གསར་ཤོག་ནང་ ལཱ་འབད་མི་ བརྡ་བརྒྱུདཔ་ཚུ་ལུ་ སེམས་ཕམ་པའི་ གཞི་གནད་ཅིག་ལུ་གྱུར་ནུག།

དེ་ཡང་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ གནས་ཚུལ་བསྡུ་བཀོདཔ་དྲག་ཤོས་ཀྱི་ དབྱེ་སྡེ་ཁག་ཚུ་ནང་ རྫོང་ཁའི་གསར་ཤོག་གི་ གསོལ་རས་ཁག་༦ ཆ་མེད་བཏང་མི་ལུ་བརྟེན་ཨིན་པས།

རྫོང་ཁའི་གནས་ཚུལ་བསྡུ་བཀོདཔ་ ཀུན་བཟང་འཕྲིན་ལས་(མིང་ངོ་མ་མེན) ཀྱིས་ སླབ་མིའི་ནང་ གསོལ་རས་ཐོབ་མི་ཚུ་ལུ་ མ་དགའཝ་མེན་པར་ གསོལ་རས་ཁག་༦ ཆ་མེད་བཏང་སྟེ་ དབྱེ་ཁག་༢ རྐྱངམ་གཅིག་ གདམ་འཐུ་འབད་མི་ལུ་ལྟཝ་ད་ གནས་ཚུལ་དབྱེ་དཔྱད་འབད་མི་ དྲང་དཔོན་ཚུ་ལུ་ བརྡ་བརྒྱུད་དང་འབྲེལ་བའི་ རྒྱབ་ཁུངས་དང་ ཉམས་མྱོང་མེདཔ་བཟུམ་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གསོལ་རས་ཆ་མེད་བཏང་མི་ དབྱེ་ཁག་ཚུ་ནང་ལས་ རེ་གཉིས་ཆ་མེད་འགྱོ་སྲིད་ནི་རུང་ དབྱེ་ཁག་༦ ནང་ གནས་ཚུལ་༡༠ ལྷགཔ་ཅིག་ བཙུགས་ཡོད་མི་ག་ར་ ཆ་མེད་འགྱོ་ནི་གི་ འོས་འབབ་མེད་མི་དེ་ཡང་ གནས་ཚུལ་ཚུ་ གསོལ་རས་ཀྱི་ དབྱེ་ཁག་ནང་ ཚུད་མི་ཚུད་ གནས་ཚུལ་བྲིས་བཀོད་འབད་མི་ཚུ་གིས་ཤེས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་བཟུམ་མའི་ དྲང་དཔོན་ཚུ་ ཡོད་པ་ཅིན་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ ལོ་བསྟར་བརྡ་བརྒྱུདཔ་དྲག་ཤོས་ཀྱི་ གཟེངས་བསྟོད་རྟགས་མ་དེ་ལུ་ ཡིད་ཆེས་མེདཔ་འགྱོ་ནི་མས་ཟེར་ཨིན་པས།

ད་རུང་ གནས་ཚུལ་བསྡུ་བཀོདཔ་གཞན་ཅིག་གིས་ སླབ་མིའི་ནང་ འདི་བཟུམ་མའི་ གཟེངས་བསྟོད་རྟགས་མ་དེ་ རྒྱལ་ཁབ་ཀྱི་ བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བློ་སྟོབས་དང་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་ཨིནམ་ལས་ གསོལ་རས་བྱིན་པའི་སྐབས་ དྲང་དཔོན་ཚུ་དང་ ཁོང་གི་ ཤེས་ཡོན་གྱི་ རྒྱབ་ཁུངས་དང་ ཉམས་མྱོང་ཚུ་གི་སྐོར་ལས་ དྭངས་གསལ་ཐོག་ གསལ་བསྒྲགས་འབད་དགོཔ་འདུག་ཟེར་ཨིན་པས།

དུས་ཅི་ རྫོང་ཁའི་གསོལ་རས་ཀྱི་དོན་ལུ་ ཉེས་ལས་དང་ རང་བཞིན་གནས་སྟངས་ཀྱི་ དབྱེ་ཁག་ནང་ གནས་ཚུལ་༡ ཚོང་འབྲེལ་ནང་༢ ཨམ་སྲུ་དང་ཨ་ལོའི་དབྱེ་ཁག་ནང་༢ ལས་སྲོལ་ནང་༣ དེ་ལས་ ཞིབ་འཚོལ་གྱི་ དབྱེ་ཁག་ནང་༣ ལྷོད་ཡོད་རུང་ གནས་ཚུལ་དེ་ཚུ་ དབྱེ་ཁག་དང་ འབྲེལ་གནད་མེད་པའི་ཁར་ གནས་ཚུལ་བསྡུ་བཀོད་ཞིབ་པར་འབད་དེ་ མེད་མི་ལུ་བརྟེན་ དྲང་དཔོན་ཚུ་གིས་ ཆ་མེད་བཏང་ཡོདཔ་ཨིན་པས།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་བཟང་པོ་གིས་ སླབ་མིའི་ནང་ རྫོང་ཁའི་གསར་ཤོག་གི་དོན་ལུ་ གནས་ཚུལ་བསྡུ་བཀོད་དང་ རྩོམ་སྒྲིག་ནང་ མཁས་མཆོག་ཡོད་མི་ དྲང་དཔོན་༣ ལུ་ འགན་འཁྲི་སྤྲོད་ཅི་ཟེར་ཨིནམ་ད་ གསོལ་རས་ཀྱི་ ཁྱད་ཆོས་ཚུ་ མཐུན་ཚོགས་ཀྱི་ ཡོངས་འབྲེལ་གདོང་དེབ་ནང་ ལག་ལེན་ལམ་ལུགས་ བཙུགས་ཡོད་པའི་ཁར་ འཐུས་མི་ཚུ་ལུ་ཡང་ བགོ་སྤེལ་འབད་ཡི་ཟེར་ཨིན་པས།

བཀོད་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ གསོལ་རས་ཀྱི་དོན་ལུ་ གནས་ཚུལ་ག་དེམ་ཅིག་ བཙུགས་དགོཔ་ཨིན་ན་ ཏན་ཏན་མེད་མི་དེ་ཡང་ གནས་ཚུལ་༡ ལས་བརྒལ་ བཙུགས་ཏེ་མེད་རུང་ སྤུས་ཚད་དང་ ལེགས་ཤོམ་ཡོད་པ་ཅིན་ གསོལ་རས་ཀྱི་དོན་ལས་ གདམ་འཐུ་འབད་ནི་དང་ གལ་སྲིད་ གནས་ཚུལ་༡༢ ལྷགཔ་ཅིག་ བཙུགས་ཡོད་རུང་ སྤུས་ཚད་མེད་པ་ཅིན་ ཆ་མེད་གཏང་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ པར་བཏབ་མི་ དྲག་ཤོས་ཀྱི་ དབྱེ་ཁག་ནང་ རང་དབང་གི་ གནས་ཚུལ་བསྡུ་བཀོདཔ་བརྩིས་ཏེ་ གནས་ཚུལ་བསྡུ་བཀོདཔ་ག་ར་གིས་ བཙུགས་ཆོག་ཟེར་ཨིནམ་ད་ དྲང་དཔོན་ཚུ་གིས་ འགྲན་བསྡུར་གྱི་དོན་ལས་ གནས་ཚུལ་བཙུགས་ཡོད་མི་ཚུ་ དབྱེ་ཁག་ཚུ་དང་གཅིག་ཁར་ འབྲེལ་བ་ཡོད་མེད་ ཤེས་རྟོགས་འབྱུང་ཐབས་ལུ་ གནས་ཚུལ་རེ་རེ་བཞིན་དུ་སྦེ་ ལྷག་དགོ་ཟེར་ཨིན་པས།

གསར་ཤོག་དང་ རྒྱང་བསྒྲགས་ཀྱི་དོན་ལུ་ ཁྱད་ཆོས་ཚུ་ སོ་སོར་ཡོད་མི་དེ་ཡང་ གསར་ཤོག་གི་དོན་ལུ་འབད་བ་ཅིན་ རྩོམ་སྒྲིག་པའི་ སྣང་འཆར་དང་ གནས་ཚུལ་ཟེར་ དབྱེ་དཔྱད་ཀྱི་ ཁྱད་ཆོས་མ་འདྲཝ་༢ ཡོད་མི་དེ་ནང་ གནས་ཚུལ་གྱི་ སྙིང་བཅུད་དང་ གནས་ཚུལ་ག་དེ་སྦེ་ བྲིས་ཡོདཔ་ཨིན་ན་དང་ གནས་ཚུལ་གྱི་ཕན་གནོད་ དེ་ལས་ གནས་ཚུལ་གྱི་ སྤུས་ཚད་དང་ གསལ་སྟོན་ཚུ་ ཨིན་པས།

དངོས་གྲུབ་བཟང་པོ་གིས་ སླབ་མིའི་ནང་ དྲང་དཔོན་ཚུ་ ཁོང་གི་ ཁྱད་རིག་གི་ ལྕོགས་གྲུབ་དང་ རང་དབང་ལ་སོགས་པ་ཚུ་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡོདཔ་ལས་ མཐུན་ཚོགས་ཀྱི་ ལས་བྱེདཔ་རྐྱངམ་གཅིག་གིས་མ་གཏོགས་ དྲང་དཔོན་ཚུ་གིས་ གནས་ཚུལ་བཙུགས་མི་ཚུ་ གནས་ཚུལ་བསྡུ་བཀོདཔ་ག་གིས་ བཙུགས་ཡོདཔ་ཨིན་ན་ ཤེས་རྟོགས་མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གསར་ཤོག་དང་ ཡང་ཅིན་ གནས་ཚུལ་བསྡུ་བཀོདཔ་གི་ མིང་དང་ བརྡ་དོན་ཚུ་ བཏོན་བཏང་ཐོག་ལས་ གཅིག་མཚུངས་བཟོ་ཡོདཔ་ལས་ དྲང་དཔོན་ཚུ་གིས་ གསང་རྟགས་ཚུ་དང་འཁྲིལ་ གནས་ཚུལ་ལུ་ སྐུགས་བྱིན་ཏེ་ མཐུན་ཚོགས་ཀྱི་ ལས་བྱེདཔ་ཚུ་ལུ་ སྤྲོད་པའི་ཤུལ་ལས་ གསོལ་རས་ཐོབ་མི་ཚུ་ གསལ་སྟོན་འབད་དོ་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *