རྫོང་ཁའི་གཞི་རྟེན་ཤེས་ཡོན་ཡོད་མི་རྐྱངམ་གཅིག་གིས་ རྫོང་ཁའི་ཆོས་ཚན་སྟོན་ནི།

༉ འབྲུག་རྗེས་སྒང་རྩེ་ཟའི་འཐུས་མི་ ཀརྨ་རྡོ་རྗེ་གིས་ ཤེས་རིག་བློན་པོ་ལུ་ ཞུ་མིའི་ནང་ རྒྱ་གར་ལུ་འབད་བ་ཅིན་ ཁོང་རའི་ཁ་སྐད་དེ་ ལྷབ་ནི་དང་ འབྲི་ནི་༢ ཆ་རའི་ནང་ ལག་ལེན་འཐབ་མི་ལུ་བརྟེན་ ཡར་རྒྱས་སོང་ཡོདཔ་བཟུམ་སྦེ་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ཡང་ ཡར་རྒྱས་གཏང་ནིའི་དོན་ལུ་ ཨ་ལོ་ཚུ་གིས་ དང་འདོད་བསྐྱེད་ནིའི་ ཐབས་ཤེས་ཚུ་ ག་ཅི་ར་ བཏོན་གནང་དོ་ག་ཟེར་ཞུ་ཡི།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ རྫོང་ཁ་ཡར་རྒྱས་གཏང་ནིའི་དོན་ལུ་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པ་ཚུན་ རྫོང་ཁའི་ཆོས་ཚན་དེ་ ཧེ་མ་བཟུམ་སྦེ་ སྤྱིར་བཏང་སློབ་དཔོན་ཚུ་གིས་མེན་པར་ རྫོང་ཁའི་ཤེས་ཡོན་ཡོད་མི་ཚུ་གིས་རྐྱངམ་གཅིག་ སྟོན་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ཞུ་ཡི།
དེ་མ་ཚད་ ལྷན་ཁག་གིས་ རྫོང་ཁ་གོང་འཕེལ་གཏང་ཐབས་ལུ་ ཐབས་བྱུས་སྣ་ཚོགས་སྟོན་མིའི་གྲས་ལས་ དུས་ཅི་ལས་འགོ་བཟུང་ རྫོང་ཁ་དེ་ ཆོས་ཚན་གཙོ་བོ་གི་གྲས་ཁར་ ཚུད་ཡོདཔ་ལས་ ཧེ་མ་བཟུམ་སྦེ་ རྫོང་ཁ་ནང་ མཐར་མ་འཁྱོལ་བ་ཅིན་ མ་བཏུབ་ནི་དེ་གིས་ ད་རེས་ནངས་པར་ ཨ་ལོ་ཚུ་གིས་འབད་རུང་ རྫོང་ཁ་ལུ་ དང་འདོད་བསྐྱེད་དོ་ཡོད་པའི་སྐོར་ལས་ གནས་ཚུལ་ཚུ་ གོཝ་མས་ཟེར་ཞུ་ཡི།
བློན་པོ་གིས་ རྫོང་ཁ་གོང་འཕེལ་གཏང་དགོ་པ་ཅིན་ ས་ཁོངས་གཙོ་བོ་ར་ སློབ་གྲྭ་ཚུ་ནང་ཨིན་མི་དེ་ཡང་ སློབ་གྲྭ་ནང་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ ཡོད་མི་ལུ་བརྟེན་ཨིནམ་ད་ རྫོང་ཁ་གོང་འཕེལ་གཏང་དགོ་པ་ཅིན་ ཨ་ལོ་ཚུ་ ལོ་ན་ཆུང་ཀུའི་བསྒང་ལས་ར་ སྦྱང་བ་བྱིན་དགོཔ་དེ་ གལ་ཆེ་བས་ཟེར་ཞུ་ཡི།
དེ་གིས་མ་དོ་བར་ ན་ཧིང་གི་ལོ་ནང་ལས་ སློབ་དཔོན་ཚུ་ལུ་ དུས་རབས་༢༡ པའི་ནང་ སློབ་སྟོན་འབད་ཐངས་ པེ་ཐོ་གོ་རི་ཟེར་མིའི་ཐོག་ལས་ སློབ་སྟོན་འབད་ནི་ལུ་ སྦྱང་བ་ཚུ་བྱིན་ཏེ་ཡོདཔ་ལས་ སློབ་སྟོན་འབད་མི་ཚུ་གིས་འབད་རུང་ སྤྲོ་བ་ཅན་གྱི་ཐོག་ལས་ འབད་ནི་ཚུ་ཨིནམ་ལས་ དེ་གིས་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷབ་མི་ཚུ་ལུ་ ཧེང་སྐལ་ར་ དང་འདོད་སྐྱེད་བཅུག་ཐབས་ལུ་ སློབ་སྟོན་མཁོ་ཆས་༢༠༠ ལྷགཔ་ཅིག་ གསརཔ་བརྩམས་ཡོདཔ་ལས་ དེ་ཚུ་ སློབ་གྲྭ་ཁག་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ དེ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་བའི་ རེ་བ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ཞུ་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ད་རུང་ སློབ་གྲྭ་ལྟེ་བ་༡༠ དེ་ཅིག་ནང་ དཀའ་ངལ་ཚུ་ ཐོན་དོ་ཡོད་པའི་སྐོར་ལས་ གནས་ཚུལ་གོཝ་ལས་ སློབ་གྲྭ་ལྟེ་བ་མེན་པའི་ སློབ་གྲྭ་ཚུ་ནང་ཡང་ དཀའ་ངལ་ཚུ་ ཐོན་ཡོདཔ་ལས་ གཞུང་གིས་ ག་དེ་སྦེ་ སེལ་ནི་གི་ འཆར་གཞི་ཡོད་ག་ཟེར་དྲི་ཡི།
དེ་ལུ་ ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ གཞུང་གིས་ བཙག་འཐུ་འགྲུབ་པའི་ཤུལ་ལས་ སློབ་གྲྭ་༦༢༢ དང་ སློབ་ཕྲུག་༡༧༦,༠༠༠ དེ་ཅིག་ རྩིས་ལེན་པའི་སྐབས་ སློབ་གྲྭ་དང་འབྲེལ་བའི་ གདོང་ལེན་དང་དཀའ་ངལ་ཚུ་ཡང་ གཅིག་ཁར་ རྩིས་ལེན་ཡོདཔ་ལས་ གཞུང་གིས་ སློབ་གྲྭ་ལྟེ་བ་ འགོ་བཙུགས་མི་ལས་མེན་པར་ ཧེ་མ་ལས་ཡོད་པའི་ དཀའ་ངལ་ཚུ་ཨིན་ཟེར་ཨིན་པས།
བློན་པོ་གིས་ སློབ་ཕྲུག་ཚུ་ ཉལ་ས་ལེགས་ཤོམ་མེད་མི་དང་ ཁྱིམ་ནང་ལས་ སློབ་གྲྭ་ཚུན་ལམ་འགྱོ་དགོ་པའི་ གནས་སྟངས་དེ་ ཧེ་མ་ལས་ཡོདཔ་ལས་ དཀའ་ངལ་ཚུ་སེལ་ནི་དེ་ ཧེ་མའི་གཞུང་གི་སྐབས་ལུ་ཡང་ སྡོད་ནུག་ཟེར་ཞུ་ཡི།
བློན་པོ་གིས་ ཧེ་མའི་གཞུང་གིས་ ཕྱག་ལཱ་ལེ་ཤ་མཛད་ཡོད་རུང་ དཀའ་ངལ་དེ་ཚུ་ མ་སེལ་བར་ ལུས་ནུག་ཟེར་ཞུ་ཡོདཔ་ད་ ད་ལྟོའི་གཞུང་གིས་ འཐུས་ཤོར་མི་དེ་ཡང་ སློབ་གྲྭ་ལྟེ་བ་༡༢༠ ཚར་གཅིག་གུ་ གཞི་བཙུགས་འབད་མ་ཚུགས་མི་དེ་མ་གཏོགས་ གཞན་མེད་ཟེར་ཞུ་ཡི།
སློབ་གྲྭ་ལྟེ་བ་ཚུ་ སྟབས་གཅིག་ཁར་ གཞི་བཙུགས་འབད་ཚུགས་པ་ཅིན་ ད་ལྟོའི་དཀའ་ངལ་ཚུ་ མི་འཐོན་ཟེར་ཨིནམ་ད་ ད་རུང་ ལོ་དག་པ་ཅིག་གི་ཤུལ་ལས་ སློབ་གྲྭ་ལྟེ་བ་ག་ར་ གཞི་བཙུགས་འབད་ཚུགས་འོང་ཟེར་ཞུ་ཡོདཔ་ད་ བློན་པོ་གིས་ སློབ་གྲྭ་ལྟེ་བ་མེན་པའི་ སློབ་གྲྭ་ཚུ་གི་དོན་ལུ་ ཟད་འགྲོ་མ་བཏངམ་མེན་པར་ དངུལ་ཀྲམ་ཐེར་འབུམ་༩ བཏང་སྟེ་ཡོད་ཟེར་ཞུ་ཡི།
ཤེས་རིག་བློན་པོ་གིས་ ད་ལྟོ་ སློབ་གྲྭ་ནང་ ཡུན་བརྟན་མེད་མི་དེ་ཡང་ གཙོ་བོ་ར་ སློབ་གྲྭ་ལྟེ་བ་ མེད་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *