རྫོང་ཁག་སོ་སོའི་ནང་ སྨན་ཁབ་དང་པ་བཙུགས་མི་ཚུ་གི་བསམ་འཆར།

༉ འབྲུག་རྒྱལ་ཡོངས་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནིའི་ ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ གནམ་ལོ་སྤྲེལ་ལོ་ལུ་སྐྱེས་མི་ ཨམ་སྲུ་ཅིག་ལས་སྦེ་ འགོ་བཙུགས་ཅི།

དེ་ཡང་ ནང་པའི་གཞུང་རྩིས་ལྟེ་བ་གིས་ སྨན་ཁབ་དང་པ་དེ་ སྤྲེལ་ལོ་ནང་སྐྱེས་མི་ ཨམ་སྲུ་ཅིག་ལུ་ སྨན་ཁབ་བཙུགས་ཐོག་ལས་ འགོ་བཙུགས་དགོཔ་སྦེ་ གྲོས་འདེབས་འབད་མི་དང་འཁྲིལ་ཨིན་པས།

དེ་འབདཝ་ལས་ སྨན་ཁབ་ལས་རིམ་ བར་རྐྱེན་མེད་པར་ ལེགས་ཤོམ་འགྱོ་ནིའི་དོན་ལུ་ ས་གནས་གཞུང་ཚུ་གིས་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་སྤྲེལ་ལོ་མ་ཚུ་འཚོལ་ཡོདཔ་ད་ སྨན་ཁབ་འགོ་དང་པ་ བཙུགས་ནི་གི་ ཁས་བླངས་འབད་མི་དང་ གདམ་ཁ་རྐྱབ་མི་ ཨམ་སྲུ་མང་ཤོས་ཅིག་གིས་ ཁབ་མ་བཙུགས་པའི་ཧེ་མར་ རང་སོའི་ས་ཁོངས་ནང་ཡོད་པའི་ ལྷ་ཁང་དགོན་སྡེ་ཚུ་ནང་སོང་སྟེ་ སྨོན་ལམ་བཏབ་ ཆོས་སྐྱོང་སྲུང་མ་ཚུ་ལས་ སྐྱབས་མགོན་ཞུ་ཡོདཔ་ཨིན་པས།

ཁོང་མང་ཤོས་ཅིག་ལུ་ སྨན་ཁབ་ལུ་བརྟེན་པའི་ ཞོར་ནད་མ་ཐོབ་པའི་ཁར་ སྟབས་མ་བདེཝ་མ་བྱུང་རུང་ རེ་གཉིས་ལུ་ མགུ་ཡུ་འཁོར་ནི་དང་ ཁ་ལས་བསྐྱུག་ནི་ལ་སོགས་པའི་ དཀའ་ངལ་དུམ་གྲ་རེ་བྱུང་པའི་ ལོ་རྒྱུས་འདུག།

ཨམ་སྲུ་དེ་ཚུ་གིས་ གདོང་ཁར་ཐོན་ཏེ་ སྨན་ཁབ་དང་པ་བཙུགས་ནི་སྦེ་ ཐག་བཅད་མི་དེ་ལུ་ ཁོང་རའི་ཕམ་སྤུན་ཆ་དང་ འཆམ་མཐུན་ ལྟ་ལྟོ་ཚང་ཚུ་གིས་ བསྟོད་པ་རྐྱབ་ཡོདཔ་ཨིན་པས།

དེ་གིས་མ་དོ་བར་ སྨན་ཁབ་ཚུ་ རྒྱལ་ཁབ་ནང་ ལྷོད་པའི་སྐབས་དང་ རྫོང་ཁག་སོ་སོའི་ནང་ བགོ་བཀྲམ་འབདཝ་ད་ ཁྲུས་གསོལ་དང་ ཐུགས་སྨོན་གནང་མི་དེ་ཡང་ ལས་རིམ་དེ་ མཐར་འཁྱོལ་བྱུང་ཐབས་ལུ་ཨིན་པས།

སྤུ་ན་ཁ།

འབྲུག་ལོ་ནང་སྐྱེས་མི་ དགེ་སློང་ཕུརཔ་ཚེ་རིང་ལུ་ སྨན་ཁབ་དང་པ་ བཙུགས་ཐོག་ལས་ སྤུ་ན་ཁ་རྫོང་ཁག་ནང་ ལས་རིམ་དེ་ འགོ་བཙུགས་ནུག།

རྫོང་ཁག་གསོ་བའི་འགོ་དཔོན་ རྣམ་རྒྱལ་ཟླ་བ་གིས་ སླབ་མིའི་ནང་ རྩིསཔ་ཚུ་གིས་ སྨན་ཁབ་དེ་ དགེ་སློང་ཚུ་གི་གྲས་ལས་ འབྲུག་ལོ་ནང་སྐྱེས་མི་ ཕོ་སྐྱེས་ཅིག་ལས་ འགོ་བཙུགས་པ་ཅིན་ ལེགས་ཤོམ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།

དེ་མ་ཚད་ སྤུ་ན་ཁ་རྫོང་ཁག་གིས་ དེ་བཟུམ་གྲོས་ཐག་བཅད་མི་དེ་ཡང་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ དགེ་སློང་ཞལ་གྲངས་༣༣༥ དེ་ཅིག་ བཞུགས་ཡོད་མི་ཚུ་གི་དོན་ལས་ རྫོང་གི་ཉེ་འདབས་ལུ་ སྨན་ཁབ་བཙུགས་ས་ གཞི་བཙུགས་འབད་ཡོདཔ་ཨིན་པས།

དགེ་སློང་ཕུརཔ་ཚེ་རིང་གིས་ ཁབ་དང་པ་ བཙུགས་ནི་སྦེ་ ཁས་བླངས་འབད་ཡོདཔ་བཞིན་དུ་ ཁོ་གི་ཁ་ཐུག་ལས་ གདོང་ཁར་ཐོན་ཏེ་ ལྷན་ཐབས་འབད་ནི་ལུ་ སེམས་དགའ་བས་ཟེར་ བཤདཔ་ཨིན་པས།

སྨན་ཁབ་ལས་རིམ་ འགོ་མ་བཙུགས་པའི་ཧེ་མར་ ཕུརཔ་ཚོ་རིང་དང་ དགེ་སློང་ཚུ་གིས་ སངས་རྒྱས་སྨན་བླའི་གཟུངས་སྔགས་བགྱངས་པའི་ཤུལ་ལས་ དྲོ་པའི་ཆུ་ཚོད་༡༠ འབྱིདཔ་ད་ ཕུརཔ་ཚེ་རིང་གིས་ ཁབ་ཐུན་ཚད་དང་པ་དེ་ བཙུགས་ཡོདཔ་ཨིན་པས།

ཁོ་གིས་ སོ་ནམ་པ་ཨིན་མི་ ཕམ་༢ ཚ་གྱང་ལང་འོང་མནོ་སྟེ་ སྨན་ཁབ་བཙུགས་ནི་གི་ ཁས་བླངས་འབད་ཡོད་པའི་སྐོར་ མ་སླབ་པར་ བཞག་ཡོད་རུང་ ཁབ་བཙུགས་ཚརཝ་ད་ སླབ་པའི་བསྒང་ལས་ ཕམ་ཚུ་ཡང་ ཁོ་ལུ་བལྟ་སྟེ་ དཔའ་ཉམས་བསྐྱེད་ནུག།

སྨན་ཁབ་ལུ་ འདྲོག་འཇིགས་དང་ ཚ་གྱང་ལང་དགོཔ་ཅིག་ ག་ནི་ཡང་ མི་མཐོངམ་མས་ཟེར་ ཕུར་ཚེ་རིང་གིས་ བཤདཔ་ཨིན་པས།

དབང་འདུས་ཕོ་བྲང་།

དབང་འདུས་རྫོང་ཁག་གི་ འཕྲུལ་རིག་འགོ་དཔོན་འོགམ་ ངག་དབང་གསལ་སྒྲོན་དེ་ འགོ་ཐོག་སྐབས་ གཡང་ཟ་ཡོད་རུང་ ཤུལ་ལས་ སྨན་ཁབ་བཙུགས་མི་ དང་པ་སྦེ་ འཐོན་ནི་གི་ ཁ་བཟེད་ནུག།

ངེ་གི་ཨ་པ་གིས་ ག་ནི་ཡང་ མ་སླབ་རུང་ ཨའི་གིས་ སྨན་ཁབ་ཀྱི་ གནོད་པ་ཡོད་པའི་སྐོར་ ལོ་རྒྱུས་གོ་ཡོདཔ་ལས་ མོ་ར་ ཚ་གྱང་ལང་ནུག་ཟེར་ ངག་དབང་གསལ་སྒྲོན་གྱིས་ བཤདཔ་ཨིན་པས།

ཨིན་རུང་ མོ་རའི་སྤུན་ཆ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཨའི་ལུ་ གནོད་ཉེན་མེད་པའི་སྐོར་ ཡིད་ཆེས་བསྐྱེད་ཚུགས་ཡོདཔ་བཞིན་དུ་ མོ་གི་ཕམ་ཚུ་ཡང་ ཉིནམ་དང་པའི་ནང་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ སྨན་ཁབ་ལས་རིམ་དེ་ རྫོང་ཁག་ནང་ ལེགས་ཤོམ་འགྱོ་བཅུག་ཟེར་ སྨོན་ལམ་བཏབ་ཅི་ཟེར་ཨིན་པས།

མགར་ས།

སྤྱི་ཟླ་༣ པའི་ཚེས་༢༥ ལུ་ དཀོན་མཆོག་ལྷ་མོ་ལུ་ བརྒྱུད་འཕྲིན་ཅིག་ ལྷོད་ཡོདཔ་ད་ དེ་བསྒང་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ མོ་ལུ་ སྨན་ཁབ་བཙུགས་མི་དང་པ་སྦེ་ གོ་སྐབས་ལེན་དགོཔ་སྦེ་སླབ་ནུག།

དཀོན་མཆོག་ལྷ་མོ་དེ་ ནད་ཡམས་ལུ་བརྟེན་ ན་ཧིང་ སྤྱི་ཟླ་༥ པའི་ནང་ ཀུ་ཝེཊ་ལས་ ལོག་འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ སྨན་ཁབ་ཚུ་ རིན་མེད་སྟོང་པ་སྦེ་ བཙུགས་ནི་ཨིན་ཟེར་ གསལ་བསྒྲགས་འབདཝ་ད་ གོ་སྐབས་ལེན་ནིའི་དོན་ལུ་  སག་ལང་སྟེ་ སྡོད་ཅི་ཟེར་ཨིན་པས།

མི་ལེ་ཤ་ཅིག་གིས་ར་ སྨན་ཁབ་བཙུགས་ཚརཝ་ད གནོད་པ་བྱུང་དོ་ཡོད་པའི་སྐོར་ ལོ་རྒྱུས་སླབ་སར་ མཐོང་ཡོད་རུང་ མོ་གི་གཟུགས་ལུ་ སྟབས་མ་བདེཝ་ ག་ནི་ཡང་ མ་བྱུང་ཟེར་ བཤདཔ་ཨིན་པས།

ཧཱ།

ཧཱ་གསང་སྦིས་ཁ་དྲུང་ཁག་ལུ་ སོ་ནམ་པ་ སྐལ་བཟང་མོ་གིས་ སྨན་ཁབ་དང་པ་ བཙུགས་ཡོདཔ་ད་ མཐའ་ཟུར་རྒེད་འོག་དེ་ནང་ མི་འབོར་གངམ་མེདཔ་ལས་ སྐྱེས་ལོ་༣༠ ལང་མི་ མོ་ར་རྐྱངམ་གཅིག་མ་གཏོགས་ གཞན་མེདཔ་ཨིན་པས།

སྨན་ཁབ་ཀྱི་སྐོར་ལས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ སླབ་ཨིན་རུང་ མོ་གིས་ གདོང་ཁར་ཐོན་མི་དེ་ཡང་ མངའ་བདག་རྒྱལཔོ་མཆོག་དང་ བློན་ཆེན་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།

སྐལ་བཟང་མོ་གིས་ གཞི་རྟེན་སྨན་ཁང་ནང་ ཁབ་བཙུགས་ཚར་བའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ ཁྱིམ་ནང་ལྷོད་དེ་ བ་ཚུ་ལས་ ཨོམ་བཞོ་ ཆག་བྱིན་ཡོདཔ་ད་ མགུ་ཏོ་ཨ་ཙི་རི་ ན་ནི་དེ་གིས་ དུས་ཡུན་ཐུང་ཅིག་ གཉིད་ལོག་ཡོདཔ་ཨིན་པས།

སྤ་རོ།

རྡོ་དཀར་རྒེད་འོག་ བང་ཁ་ལས་ སངས་རྒྱས་དབང་མོ་གིས་ རེས་གཟའ་ཉི་མ་ལུ་ ལ་རྒྱས་སྨན་སྤྲོད་ཁང་ནང་སྦེ་ ཀོ་བི་ཤེལཌ་སྨན་ཁབ་བཙུགས་མི་དེ་ རྫོང་ཁག་ནང་ དང་པ་ཨིན་པས།

དེ་ཚེ་ རེས་གཟའ་སྤེན་པའི་ཕྱི་རུ་ཁམས་ཅིག་ཁར་ མོ་ར་ ཁ་ཐུན་བཏང་སྡོདཔ་ད་ ཚོགས་པ་རྡོ་རྗེ་གིས་ མོ་ལུ་ སྨན་ཁབ་དང་པ་ བཙུགས་ནི་གི་ བློ་འདོད་ཡོད་ག་ཟེར་ བྲིས་ཡོདཔ་ད་ མོ་གིས་ དྲོ་པ་ཆུ་ཚོད་༡༠.༢༨ ལུ་ ཁབ་བཙུགས་པའི་ཤུལ་ལས་ ཁྱིམ་ནང་ལོག་འོང་སྟེ་ ཉིན་ལྟོ་ཟ་སྦེ་ ཞིང་ནང་སོན་བཏབ་པར་སོང་ནུག།

ནད་ཡམས་ཀྱི་ སྨན་ཁབ་དེ་ མོ་ར་ དུས་རྒྱུན་དུ་ སྐྱེ་འགོག་གི་ སྨན་ཁབ་བཙུགས་དོ་བཟུམ་ཅིག་ཨིན་མས་ཟེར་ སངས་རྒྱས་དབང་མོ་གིས་ བཤད་པའི་ཁར་ ཁྱིམ་ཚང་ལེ་ཤ་ཅིག་གིས་ སྨན་ཁབ་བཙུགས་པ་ཅིན་ སྟབས་མ་བདེཝ་ ག་ནི་ཡང་ མི་ཐོན་མས་ག་ཟེར་ མོ་ལུ་ དྲི་མི་ཐོན་ཡོདཔ་ཨིན་པས།

ང་བཅས་ག་ར་ ཉེན་སྲུང་གི་དོན་ལུ་ སྨན་ཁབ་བཙུགས་དགོཔ་ གལ་ཆེ་མི་དེ་ཡང་ ཁབ་དེ་གིས་ མི་འབོར་ལུ་ ཕན་ཁྱད་མེད་པ་ཅིན་ གཞུང་གིས་འབད་རུང་ ནང་འདྲེན་མི་འབད་འོང་ཟེར་ མོ་གིས་ བཤདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ང་བཅས་རའི་ ཉེན་སྲུང་གི་དོན་ལུ་ སྐུ་སྲོག་ལུ་ གནོད་ཉེན་ཡོད་རུང་ བློས་བཏང་སྟེ་ ཕྱག་ལཱ་མཛད་གནངམ་ད་ ང་བཅས་ཀྱི་ ཁ་ཐུག་ལས་ འགན་ཁུར་ཟེར་རུང་ སྨན་ཁབ་བཙུགས་ཏེ་ ཕྱག་ཞུ་ནི་དེ་ཨིན་ཟེར་ སངས་རྒྱས་དབང་མོ་གིས་ བཤདཔ་ཨིན་པས།

དར་དཀར་ནང་།

ལྷུན་རྩེ་ལས་ཨིན་རུང་ ད་ལྟོ་ འབྲུག་གློག་མེ་ལས་འཛིན་ནང་ འཕྲུལ་ལསཔ་གོངམ་སྦེ་ ལཱ་འབད་མི་ འཆི་མེད་གསལ་སྒྲོན་གྱིས་ ཁབ་དང་པ་ བཙུགས་ནིའི་དོན་ལུ་ ཁས་བླངས་འབད་ཡོདཔ་ད་ མོ་གིས་འབད་བ་ཅིན་ སྨན་ཁབ་ཀྱི་ ཉེན་སྲུང་སྐོར་ལས་ འཐོར་གཏམ་མ་འདྲཝ་བཤད་མི་ལུ་བརྟེན་ མོ་ར་ འགོ་ཐོག་སྐབས་ འདྲོག་དགོཔ་བྱུང་ཡི་ཟེར་ཨིན་པས།

རེས་གཟའ་ཉི་མ་ལུ་ འཆི་མེད་གསལ་སྒྲོན་གྱིས་ དར་དཀར་དཔལ་ལ་སྨན་ཁང་ནང་ སྨན་ཁབ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ ཉེ་འདབས་ཀྱི་ ལྷ་ཁང་ནང་ སྨོན་ལབ་བཏབ་པར་ སོང་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ཆ་རོགས་ཚུ་ལུ་ བརྒྱུད་འཕྲིན་བཏང་སྟེ་ ཁབ་བཙུགས་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཆ་རོགས་ལེ་ཤ་ཅིག་ར་ འདྲོག་བྱེལ་འཐབ་སྡོད་ནུག་ཟེར་ཨིན་པས།

རྩི་རང་།

གསོ་བའི་འགོ་དཔོན་ཅིག་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་ཅིག་ ཁྲོམ་ཁ་ལས་ཕར་ འཚོལ་བ་སོངམ་ད་ ཚོང་པ་བ་ག་ཝ་ཏི་ པུ་ལ་མི་གིས་ ཁས་བླངས་འབད་ནུག།

མོ་ར་ ཁས་བླངས་འབད་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་མ་ཚད་ ཁ་རྗེ་ཅན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།

དེ་གི་ནང་དོན་ཉིད་ལས་ མོ་ར་ ཚོང་པ་ཅིག་ཨིནམ་ལས་ ནད་ཡམས་དེ་ ཚོང་མགྲོན་པ་ཚུ་ལུ་ སྤེལ་ནི་ལས་ བཀག་ཐབས་འབད་ནི་གི་ འགན་ཁུར་ཕོག་ཡོད་པའི་ ཚོར་སྣང་བྱུང་མི་དེ་ཡང་ གལ་སྲིད་ མོ་གིས་ སྨན་ཁབ་མ་བཙུགས་པ་ཅིན་ ནད་ཡམས་དེ་ མི་གཞན་ལུ་ ཁྱབ་སྤེལ་འབད་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ བཤདཔ་ཨིན་པས།

བསམ་རྩེ།

ང་ སྨན་ཁབ་བཙུགསཔ་ད་ འདྲོག་དགོཔ་བྱུང་མི་དེ་ཡང་ མོ་ར་ ལོ་༣ ལང་མི་ ཨ་ལོའི་ཨའི་འབད་ནི་དེ་གིས་ཨིན་ཟེར་ བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མའི་སློབ་དཔོན་ བསོད་ནམས་དཔལམོ་གིས་ བཤདཔ་ཨིན་པས།

སྨན་ཁབ་ག་ཅི་སྦེ་ བཙུགསཔ་ཨིན་ན་ཟེར་ དྲི་བའི་ལན་ལུ་ བསོད་དམས་དཔལམོ་གིས་འབད་བ་ཅིན་ མི་ག་ར་ ངེས་པར་དུ་ སྨན་ཁབ་བཙུགས་དགོཔ་ལས་ ད་རེས་ གོ་སྐབས་ལེན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་མནོ་སྟེ་ཨིན་ཟེར་ཨིན་པས།

མོ་ལུ་ སྨན་ཁབ་ལུ་ མ་འཕྲོད་པའི་ རྟགས་མཚན་ག་ནི་ཡང་ མ་བྱུང་པས། རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ མི་ཚུ་ སྨན་ཁབ་བཙུགས་ནི་གི་ བློ་འདོད་ཡོད་རུང་ གོ་སྐབས་ཐོབ་མ་ཚུགས་པར་འདུག་ཟེར་ བསོད་ནམས་དཔལམོ་གིས་ བཤདཔ་ཨིན་པས།

ཆུ་ཁ།

རྩི་མ་ལ་ཁ་སྨན་ཁང་གི་ བདག་སྐྱོང་འགོ་དཔོན་ འཕྲིན་ལས་ཆོས་སྒྲོན་གྱིས་ རྫོང་ཁག་ནང་ སྨན་ཁབ་བཙུགས་མི་ དང་པ་སྦེ་ ཁ་བཟེདཔ་ད་ མོ་རའི་ལཱ་ལུ་རྐྱངམ་གཅིག་ ཚ་གྱང་ལང་ཡོདཔ་ཨིན་པས།

ཨིན་རུང་ མོ་རའི་ཆ་རོགས་ཚུ་གིས་ འབད་ནི་ཨིན་ཟེར་སླབ་ལས་ བློ་བདེ་ཡོདཔ་ད་ ཁབ་བཙུགས་པའི་ཤུལ་ལས་ འུ་སྡུག་པའི་ ཚོར་སྣང་དང་ རྐང་ཚིགས་ལག་ཚིགས་ ཨ་ཙི་རེ་ ན་ཡོད་རུང་ སྒྲིག་གཡོག་ནང་ འགྱོ་ནི་ལུ་ ཉིནམ་༡ དང་༢ དེ་ཅིག་ འགོར་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།

འཕྲིན་ལས་ཆོས་སྒྲོན་ལུ་ སྨན་ཁབ་བཙུགས་མི་དེ་ཡང་ སྨན་ཁང་དེ་གི་སྨན་པ་ སྐྱེས་ལོ་༣༠ ལང་མི་ ཀུན་བཟང་ཆོས་སྒྲོན་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ སྨན་ཁབ་བཙུགས་མི་དང་པ་དེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ ཏི་ལ་ཨེམ་ཤར་མ་ཨིནམ་ད་ མོ་ར་དང་ མོ་རའི་མི་སྡེ་དེ་ ནད་ཡམས་ལས་ སྔོན་འགོག་འབད་ནིའི་ འགན་ཁུར་ཕོག་ཡོད་མི་ལུ་བརྟེན་ གདོང་ཁར་ཐོན་ཡི་ཟེར་ བཤདཔ་ཨིན་པས།

པདྨ་དགའ་ཚལ།

རྫོང་ཁག་ཁྲིམས་དོན་འགོ་དཔོན་ བསྟན་འཛིན་དབང་མོ་གིས་ སླབ་མིའི་ནང་ མོ་ར་ རྫོང་ཁག་ནང་ སྨན་ཁབ་བཙུགས་མི་ དང་པ་སྦེ་ གདམ་འཐུ་འབདཝ་ད་ སེམས་དགའ་ཡི་ཟེར་ཨིནམ་ད་ ཁབ་མ་བཙུགས་པའི་ཧེ་མར་ མོ་གིས་ ཁ་ཐུན་དང་ སངས་རྒྱས་སྨན་བླ་བགྱངས་ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་གི་བཟའ་ཚང་ནང་ལས་ མི་ཕུད་རྡོག་གཅིག་ལུ་ར་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་མ་ཐོན་ཟེར་ཨིན་པས།

དེ་བཟུམ་སྦེ་ ངང་ལམ་ལུ་ དེ་ཚེ་དྲོ་པ་ཆུ་ཚོད་༩.༢༠ ལུ་ སངས་རྒྱས་ཆོས་སྒྲོན་དེ་ གདུང་བསམ་རྩི་ས་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་༧༠ ལྷགཔ་ཅིག་གི་གདོང་ཁར་ ལོང་སྡོད་ཡོདཔ་ད་ མོ་ར་ སྨན་ཁབ་ལུ་ མ་འདྲོག་རུང་ མོ་གི་མཐའ་སྐོར་ཏེ་ མི་སྤུངས་འཛོམས་འབད་ནི་ འགོ་བཙུགསཔ་ད་ འདྲོག་བྱེལ་འཐབ་ཅི་ཟེར་ བཤདཔ་ཨིན་པས།

ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ནང་ བཟའ་ཆས་ཚོང་ཁང་ཅིག་ཡོད་མི་ སངས་རྒྱས་ཆོས་སྒྲོན་གྱིས་འབད་བ་ཅིན་ འགོ་དཔོན་ཚུ་ ཟ་མ་སྤྲེལ་ལོ་མ་ཅིག་ འཚོལ་ཞིབ་འབད་དོ་ཡོད་པའི་སྐོར་ ལོ་རྒྱུས་གོ་བའི་ཤུལ་ལུ་ ཁས་བླངས་འབད་ཡི་ཟེར་ཨིན་པས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *