རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ ལོ་ཆོག་ཚུ་ བཀག་འཛིན་འབད་ཡོདཔ།

༉ སྤ་རོ་དང་ ཧཱ་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ལོ་བསྟར་དུས་སྟོན་བརྩི་སྲུང་ དཔེར་ན་ ལོ་ཆོག་གཏང་ནི་དང་ གནས་སྐོར་འགྱོ་ནི་ཚུ་ གནས་སྐབས་ཅིག་ བཀག་འཛིན་འབད་ནུག།

ཆོས་སྐྱིད་ཀྱིས་ རྒྱལ་ཡོངས་ལུ་ འགྲོ་འགྲུལ་བཀག་དམ་མ་འབད་བ་ཅིན་ ལོ་ཆོག་དེ་ ད་རེས་ཀྱིས་ རེས་གཟའ་ཟླ་བ་ལུ་ གཏང་ནི་སྦེ་ གྲ་སྒྲིག་འབད་ཡོདཔ་ད་ མོ་གིས་ ལོ་བསྟར་བཞིན་དུ་ དུས་ཚོད་དེ་ཅིག་ཁར་ ལོ་ཆོག་གཏང་དོ་ཡོདཔ་ཨིན་པས།

ཨིན་རུང་ རྫོང་ཁག་གིས་ གསལ་བསྒྲགས་འབད་མི་ལུ་ གནས་དགོཔ་ལས་ ཆོས་སྐྱིད་ཀྱིས་ ལོ་ཆོག་གི་ དུས་ཚོད་དེ་ནང་ གསོལ་ཁ་ཅིག་ གཏང་ཞིནམ་ལས་ ལོ་ཆོག་ཕར་འགྱངས་འབད་ནི་སྦེ་ ཐག་བཏོག་ཡོདཔ་ད་ ལོ་ཆོག་དེ་ མོ་གི་ བཟའ་ཚང་ཚུ་གི་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིན་རུང་ ཕར་འགྱངས་འབད་དགོ་པས་ཟེར་ ཆོས་སྐྱིད་ཀྱིས་ བཤདཔ་ཨིན་པས།

རྫོང་ཁག་ཚུ་ནང་ལས་ ནང་མི་ག་ར་ འཛོམས་དོ་ཡོདཔ་ལས་ ལོ་འབག་གི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཧཱཔ་དང་ སྤ་རོཔ་ཚུ་གིས་ ལོ་ཆོག་འགོ་འདྲེན་འཐབ་དོ་ཡོདཔ་ད་ མི་སྡེའི་བརྩི་སྲུང་ བོང་ཀོ་དང་ ཁྱུང་བདུད་ལྷ་གསོལ་ཚུ་ཡང་ གནས་སྐབས་ཅིག་ མཚམས་འཇོག་འབད་ཡོདཔ་ཨིན་པས།

སྤ་རོ་རྫོང་ཁག།

སྤ་རོ་ལས་ དཔལམོ་གིས་ ཐིམ་ཕུག་ལུ་ འགྲོ་འགྲུལ་བཀག་དམ་གསལ་བསྒྲགས་མ་འབད་བའི་ཧེ་མ་ ཉོ་ཚོང་རྐྱབ་ཡོདཔ་ལས་ མོ་གི་ ཉིནམ་༢ ཀྱི་ལོ་ཆོག་དེ་ སྤྱི་ཟླ་༡༢ པའི་ཚེས་༢༣ དང་༢༤ ལུ་ འགོ་འདྲེན་འཐབ་ནི་སྦེ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ལོ་ཆོག་སྐབས་ མི་སྤུངས་འཛོམས་འབད་དོ་ཡོདཔ་ལས་ ག་རའི་ཉེན་སྲུང་གི་དོན་ལུ་ འགྲུལ་སྐྱོད་བཀག་དམ་དང་གཅིག་ཁར་ ལོ་ཆོག་དེ་ཡང་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

ཁ་ཙ་ཚུན་ སྤ་རོ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༢༡ དེ་ཅིག་ཡོད་མི་ལས་ ཁ་ཙ་དྲོ་པ་ཁམས་ཅིག་ཁར་ མི་༣ ལུ་ ནད་ཡམས་ཐོབ་ཡོདཔ་སྦེ་ བདའ་ཟུན་མི་དེ་ཡང་ ཤར་པ་ལས་ཨིནམ་ད་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཤར་པ་ལུ་ ནད་ཡམས་དེ་ ནང་འཁོད་ལས་ ཁྱབ་སྤེལ་སོང་ཡོདཔ་ལས་ བརྟག་དཔྱད་མཐིལ་ཕྱིན་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།

ཧཱ་རྫོང་ཁག།

བོང་ཀོ་དེ་ ལོ་༣ གྱི་བར་ན་ཚར་རེ་ བརྩི་སྲུང་འབད་དོ་ཡོདཔ་ད་ དབུས་སུ་རྒཔོ་ ཉི་མ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ བརྩི་སྲུང་སྐབས་ མི་ལེ་ཤ་སྤུངས་འཛོམས་འབད་ནི་ཡོདཔ་ལས་ ནད་ཡམས་ཁྱབ་སྤེལ་གྱི་ ཉེན་ཁ་ཡོད་མི་ལུ་བརྟེན་ བོང་ཀོ་བརྩི་སྲུང་དེ་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

ཧཱ་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་ཙ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ དྲི་བཀོད་ཀྱི་སྐབས་ ལོ་ཆོག་གི་ གནང་བ་ལེན་ནིའི་དོན་ལས་ མི་ཚུ་ལས་ བརྒྱུན་འཕྲིན་ལེ་ཤ་ལྷོད་ཅི་ཟེར་ཨིནམ་ད་ རྫོང་ཁག་གིས་ མི་ཚུ་ལུ་ མཐུན་འབྲེལ་འབད་དེ་ ཕར་འགྱངས་འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཁ་ཙ་ ཧཱ་ལུ་ ནད་ཡམས་ཐོབ་མི་ གསརཔ་བདའ་ཟུནམ་ལས་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཧཱ་ཁྲོམ་དང་སྦས་མཚོ་ དབུས་སུ་རྒེད་འོག་ རྩེ་ལུང་ཁ་ཚུ་ ས་ཁོངས་དམརཔོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ལས་ ས་ཁོངས་དེ་ཚུ་ནང་ མི་ཚུ་ འགྲོ་འགྲུལ་དང་ འགྲུལ་སྐྱོད་ཤོག་བྱང་ལག་ལེན་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།

གོང་གཟིམ་ཨྱོན་རྡོ་རྗེ་སློབ་གྲྭའི་ སློབ་ཕྲུག་ཅིག་ལུ་ ནད་ཡམས་ཐོབ་ཡོདཔ་སྦེ་ བདའ་ཟུནམ་ལས་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ད་ སློབ་ཕྲུག་དེ་ སྤ་རོ་ལུ་ ནད་ཡམས་ཐོབ་མི་དང་གཅིག་ཁར་ ཐད་ཀར་འབྲེལ་འཐབ་མི་ཅིག་ཨིན་མི་དེ་ཡང་ ཁོ་གིས་ ལོ་འབག་གི་ ངལ་གསོའི་སྐབས་ སྤ་རོ་ལུ་ སོང་ཡོདཔ་ཨིན་པས།

སློབ་ཕྲུག་དེ་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཧཱ་ལུ་ ལོག་ལྷོད་དེ་ ཐད་ཀར་གྱི་ འབྲེལ་བ་འཐབ་མི་ཨིནམ་སྦེ་ བདའ་མ་ཟུན་པའི་ཧེ་མར་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ ཉིན་ཕྱེད་ཀྱི་ སློབ་སྟོན་ནང་ སོང་ཡོདཔ་ད་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ ནདཔ་དེ་དང་ ཐད་ཀར་འབྲེལ་ཡོད་མི་ཚུ་གི་ དཔེ་ཚད་ཚུ་ ཐིམ་ཕུག་ལུ་ བསྐྱལ་ཡི་ཟེར་ཨིན་པས།

རྒཔོ་ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ སློབ་ཕྲུག་བུཚ་དེ་ སྦས་མཚོ་ལས་ཨིནམ་ལས་ ཁོ་གི་ཕམ་ཚུ་ ཁྱིམ་ནང་སྦེ་ ཟུར་བཞག་ཡོདཔ་བཞིན་དུ་ སློབ་ཕྲུག་དེ་ ནང་སྡོད་ཀྱི་ སློབ་ཕྲུག་མེན་རུང་ ཁོ་གིས་ གཡུས་ཁའི་མི་ཚུ་དང་གཅིག་ཁར་ འབྲེལ་བ་དེ་ཅིག་ མ་འཐབ་པས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *