གསོ་བའི་ལོ་ཟུང་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ རྒྱལ་ཁང་ནང་འཁོད་ཀྱི་ གསོ་བའི་འགོ་དཔོན་ཚུ།

རྫོང་ཁག་ཚུ་ནང་ གསོ་བའི་དུས་ཐེབས་ཞབས་ཏོག་བྱིན་ནིའི་ གྲོས་འཆར་བཀོད་ཡོདཔ།

ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་མཁས་མཆོག་ཚུ་གིས་ ཡིག་ཚང་གི་དུས་ཚོད་མཇུག་བསྡུ་བའི་ཤུལ་ལས་ དུས་ཐེབས་ཞབས་ཏོག་བྱིན་དོ་བཟུམ་སྦེ་ རྫོང་ཁག་གི་ སྨན་ཁང་ཚུ་ནང་ཡོད་མི་ ཌོག་ཊར་ཚུ་གིས་ཡང་ ཞབས་ཏོག་བྱིན་ནིའི་ འོས་འབབ་ཡོད་པ་ཅིན་ཟེར་བའི་ གྲོས་འཆར་བཀོད་ཡོདཔ་ཨིན་པས།

གནད་དོན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ རྫོང་ཁག་གི་ གསོ་བའི་འགོ་དཔོན་ཚུ་གིས་ ཐིམ་ཕུག་ལུ་སྦེ་ གསོ་བའི་ལོ་ཟུང་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཐོན་ཡོདཔ་ཨིན་པས།

གསོ་བའི་དྲུང་ཆེན་ ཌོག་ཊར་ ཨོ་རྒྱན་རྡོ་ཕུག་གིས་ བཤད་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བྱིན་མི་ དུས་ཐེབས་ཞབས་ཏོག་དེ་ དམིགས་བསལ་གྱི་དོན་ལུ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ད་ མ་གཞི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ཡང་ གསོ་བའི་ཞབས་ཏོག་དང་འབྲེལ་བའི་ དཀའ་ངལ་ཚུ་ཐོན་ཏེ་ཡོད་ཟེར་ཨིན་པས།

དུས་ཐེབས་ཞབས་ཏོག་དེ་ གཞུང་འབྲེལ་བཟོ་བའི་ཤུལ་ལུ་ གསོ་བའི་མཁས་མཆོག་ཚུ་ ཕྱི་རུའི་ཆུ་ཚོད་༤ ལས་༧ ཚུན་ སྨན་ཁང་ནང་ར་ སྡོད་དགོཔ་ཐོན་དོ་ཡོདཔ་ད་ ཨིན་རུང་ འཕྲལ་འཕྲལ་ནདཔ་ཕུད་རྡོག་གཅིག་ཡང་ འོང་མི་མེད་པར་ ལུསཔ་མས་ཟེར་བཤད་ནུག།

དྲུང་ཆེན་གྱིས་འབད་བ་ཅིན་ རྫོང་ཁག་གི་ གསོ་བའི་འགོ་དཔོན་ཚུ་ལུ་ དེ་བཟུམ་མའི་ དུས་ཐེབས་ཞབས་ཏོག་ཚུ་ ངེས་པར་དུ་ བྱིན་དགོཔ་འདུག་ག་ཟེར་བའི་ དྲི་བཀོད་འབད་ཡོདཔ་ད་ དར་དཀར་ནང་རྫོང་ཁག་གི་ གསོ་བའི་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ རྫོང་ཁག་གནས་ཚད་སྐོར་ལས་ གསལ་བཤད་འབད་བའི་སྐབས་ གསོ་བའི་ལྷན་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་ནང་ ནདཔ་ལངམ་སྦེ་ མི་འཐོན་དོ་ཡོདཔ་ལས་ དུས་ཐེབས་ཞབས་ཏོག་དེ་ འོས་འབབ་ཅིག་ མིན་འདུག་ཟེར་ཨིན་པས།

ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཅིག་གིས་ སླབ་མིའི་ནང་ དུས་ཐེབས་ཞབས་ཏོག་བྱིན་ནི་ལུ་ རྒྱབ་སྐྱོར་མེད་ཟེར་ཨིནམ་ད་ དེ་ཡང་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ མི་མང་ལུ་ གསོ་བའི་ཞབས་ཏོག་ཚུ་ གང་དྲག་བྱིན་དགོཔ་སྦེ་ཡོད་མི་དེ་དང་ རྒྱབ་འགལ་འགྱོཝ་མས་ཟེར་ཨིན་པས།

རྫོང་ཁག་ནང་ མི་སྟོབས་ལངམ་སྦེ་ བཟོ་དགོ་པའི་སྐོར་ལས་ ལོ་རྒྱུས་ཐོན་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་སྟོབས་ཀྱི་བཅའ་ཡིག་གསརཔ་དེ་ ཆ་འཇོག་འབད་བའི་ཤུལ་ལས་ གནད་དོན་དེ་ འཕྲལ་མགྱོགས་ར་ སེལ་ཐབས་འབད་ནི་ཨིན་ཟེར་ཨིན་པས།

སྨན་ཁང་སྡེ་རིམ་དང་པའི་དོན་ལུ་ སྣུམ་འཁོར་བགོ་བཀྲམ་འབད་ནིའི་ཐད་ཁར་ ཌོག་ཊར་ ཨོ་རྒྱན་རྡོ་ཕུག་གིས་འབད་བ་ཅིན་ ལྷན་ཁག་གིས་ སྡེ་རིམ་དང་པའི་ སྨན་ཁང་ག་ར་ལུ་ སྣུམ་འཁོར་བྱིན་ནིའི་ཁས་བླངས་ འབད་མི་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ ངེས་པར་དུ་ དགོས་མཁོ་ཡོད་མི་ཚུ་གིས་ བདེན་ཁུངས་ཚུ་བཙུགས་ཏེ་ ཡི་གུ་བཙུགས་དགོ་ཟེར་ཨིན་པས།

རྡོ་རྗེ་དབང་ཕྱུག་གིས་ བཤད་མིའི་ནང་ ཧེ་མ་བཟུམ་སྦེ་ གསོ་བའི་ལས་བྱེདཔ་ཚུ་ རྫོང་ཁག་དང་ མཐའ་ཟུར་གྱི་སྨན་ཁང་ཚུ་ནང་ མ་བཏང་པར་ སྨན་ཁང་ལྟེ་བ་ཚུ་ནང་ བཞག་སྲོལ་ཡོད་མི་དེ་ཡང་ ད་ལས་ཕར་ རྫོང་ཁག་མི་སྟོབས་ཚོགས་ཆུང་གིས་ ཐག་བཅད་འོང་ཟེར་ཨིན་པས།

ཞལ་འཛོམས་སྐབས་ རྒྱལ་ཁབ་ནང་འཁོད་ལུ་ རང་སོའི་ལཱ་དང་ འོས་འབབ་མེད་རུང་ སྦྱོང་བརྡར་ནང་ གདམ་འཐུ་འབད་མི་དང་ སྦྱོང་བརྡར་ཅོག་འཐདཔ་བྱིན་མི་ཚུ་ བཀག་འཛིན་འབད་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོང་བརྡར་ལྟེ་བ་ གཞི་བཙུགས་འབད་ནིའི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་དང་གཅིག་ཁར་འོང་པའི་སྐབས་ སྡོད་ནིའི་དོན་ལུ་ ཁང་མིག་བཞག་དགོ་པའི་སྐོར་ལས་ གསལ་ཞུ་འབད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཁང་མིག་ཚུ་ ཡོདཔ་ཨིན་རུང་ སྡོད་མི་ག་ཡང་མེདཔ་ལས་ ཆ་མེདཔ་བཏང་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *