ཆུ་ལུ་བརྟེན་པའི་ ནད་འབུབ་བཀག་ཐབས་ལས་རིམ་གྱི་ འགོ་དཔོན་ཚུ་གིས་ བསམ་རྩེ་ལུ་ གྱིབ་འཁོར་དང་ སྡོད་ཁྱིམ་གྱི་མཐའ་འཁོར་ལུ་ གཟན་དོམ་གྱི་ ཚང་འབུབ་འཚའ་མི་ཚུ་ བསྡུ་བསྒྱོམ་འབད་ཐོག་ལས་ སེལ་བཏང་པའི་བསྒང་།

རྫོང་ཁག་གསུམ་ནང་ མི་གྲངས་༡༢༡ ལུ་ ནད་གཞི་ཌེང་གི་ཐོབ་ཡོདཔ།

ནད་གཞི་ཐོབ་མི་ མཐོ་ཤོས་ར་ བསམ་རྩེ་རྫོང་ཁག་ནང་ཨིན་པས།

༉ འདས་པའི་ཟླཝ་ནང་ ལྷོ་མཚམས་རྫོང་ཁག་༣ ནང་ ཌེང་གི་ཟེར་མི་ ཚད་པའི་ནད་གཞི་ཁྱབ་སྤེལ་སོང་བའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ ཁ་ཙ་ གསོ་བའི་ལྷན་ཁག་ མི་མང་གསོ་བའི་ལས་ཁུངས་ཀྱིས་ མི་མང་ལུ་ དྲན་ཤེས་བཏོན་དགོ་པའི་ ཁྱབ་བསྒྲགས་འབད་ནུག།
སྤྱི་ཟླ་༧ པའི་ཚེས་༡༢ ལུ་ དགེ་ལེགས་ཕུག་གསོ་བའི་སྡེ་ཚན་གྱི་ ཆུ་ལུ་བརྟེན་པའི་ ནད་འབུབ་བཀག་ཐབས་ལས་རིམ་གྱིས་ བསམ་རྩེ་ལུ་ མི་གྲངས་༤༦ དང་ བསམ་གྲུབ་ལྗོངས་མཁར་ལུ་ མི་༤༢ དེ་ལས་ ཕུན་ཚོགས་གླིང་ལུ་ མི་༣༣ ལུ་ ཌེང་གི་ཐོབ་ཡོད་པའི་ ཐོ་བཀོད་འབད་ནུག།
ནད་འབུབ་བཀག་ཐབས་ལས་རིམ་གྱི་ གཙོ་འཛིན་འགོ་དཔོན་འོགམ་ སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ ད་རུང་ མི་༦ དང་ བསམ་རྩེ་ལུ་ མི་༥ ལུ་ ཌེང་གི་ཐོབ་ནུག་ཟེར་ཨིན་པས།
ནད་གཞི་དེ་ཡང་ དང་པ་ར་ སྤྱི་ཟླ་༥ པའི་ནང་ ཕུན་ཚོགས་གླིང་དཔག་བསམ་ཁ་ལུ་ ཐོན་ཡོདཔ་ད་ ནད་གཞི་བཀག་ཐབས་སྡེ་ཚན་གྱིས་ དེ་འཕྲོ་ལས་ ས་ཁོངས་ནང་ སོང་ཞིནམ་ལས་ བཀག་ཐབས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ དམ་འཛིན་འབད་ཚུགས་ཅི་ཟེར་ཨིན་པས།
ནད་གཞི་དེ་ ཕུན་ཚོགས་གླིང་ལུ་ སྤྱི་ཟླ་༥ པའི་ཚེས་༡༠ དར་ཁྱབ་སོང་བའི་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ སྤྱི་ཟླ་༦ པའི་ཚེས་༦ དེ་ལས་ བསམ་རྩེ་ལུ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ནད་གཞི་ཐོན་ཡོད་པའི་ སྙན་ཞུ་ལྷོད་ནུག།
མ་གཞི་ བསམ་གྲུབ་ལྗོངས་མཁར་ལུ་ ཚད་པའི་ནད་གཞི་ ཐོབ་ཡོད་པའི་ སྙན་ཞུ་མེད་རུང་ ཁ་ཙ་ཚུན་ མི་གྲངས་༤༢ ལུ་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ལྷོད་ནུག།
གསར་སྦིས་ཐང་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བའི་ སྨན་བཅོས་འགོ་དཔོན་ ཇིཊ་བྷ་དུར་ དར་ནཱལ་གྱིས་ སླབ་མིའི་ནང་ བསམ་རྩེ་རྫོང་ཁག་ནང་ ཚད་ནད་ཐོབ་མི་དེ་ འགོ་དང་པ་ཨིན་རུང་ ན་ཧིང་ མི་༢ ལུ་ ཚད་ནད་ཐོབ་པའི་ སྙན་ཞུ་ལྷོད་མི་དེ་ ཕུན་ཚོགས་གླིང་ལས་ སྤེལ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཚད་ནད་ཐོབ་མི་ བརྒྱ་ཆ་༥༠ དེ་ཅིག་ བསམ་རྩེ་བསྟན་སྲུང་དམག་སྡེའི་ ས་ཁོངས་ཚུ་ནང་ཨིནམ་ད་ན་ཧིང་ ཕུན་ཚོགས་གླིང་ལུ་ ནད་གཞི་དེ་ དར་ཁྱབ་སྦོམ་སྦེ་ར་ སོང་ཡི་ཟེར་ཨིན་པས།
ཁྱབ་བསྒྲགས་ནང་ ཕུན་ཚོགས་གླིང་དང་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་གྱི་ ས་ཁོངས་ཚུ་ནང་ ནད་གཞི་ཐོབ་མི་ཚུ་ལུ་ སྨན་བཅོས་འབད་ཡོདཔ་མ་ཚད་ ནད་གཞི་དར་ཁྱབ་ དམ་འཛིན་འབད་ནི་ལུ་ ནད་རིགས་བཀག་ཐབས་ལྟེ་བ་དང་ རྫོང་ཁག་གསོ་བའི་སྡེ་ཚན་ དེ་ལས་ ནད་འབུབ་བཀག་ཐབས་ལས་རིམ་ཚུ་གིས་ ཐབས་ཤེས་བཏོན་བཞིན་དུ་ཡོད་ཟེར་བཀོད་ནུག།


དེ་མ་ཚད་ ལྟེ་བའི་སྡེ་ཚན་དང་ ལས་རིམ་སྡེ་ཚན་༢ ཀྱིས་ ད་རེས་ ནད་གཞི་ཁྱབ་སྤེལ་སོང་མི་ ས་གོ་ཚུ་ནང་ དམ་འཛིན་འབད་དོ་ཟེར་ཨིནམ་ད་ དེ་བཟུམ་མའི་ ནད་གཞི་དེ་ ཤར་ལྷོ་ཡེ་ཤི་ཡ་ ཤཱྲི་ལངྐ་ལུ་ཡང་ དར་ཁྱབ་སོང་ཡོདཔ་ཨིན་པས།
སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཟན་དོམ་གྱི་ ཚང་འབུབ་དེ་ ཆུ་གཙང་མའི་ འཛིང་ཚུ་ནང་ འཚའ་དོ་ཡོདཔ་ལས་ དེ་འཕྲོ་ལས་ ནད་གཞི་དེ་ དམ་འཛིན་འབད་ནི་ལུ་ ལཱ་ཁག་ཡོད་ཟེར་ཨིནམ་ད་ དམིགས་བསལ་དུ་ ལྷོ་མཚམས་རྫོང་ཁག་གི་ མི་སེར་ཚུ་གིས་ ནད་གཞི་བཀག་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ལས་རིམ་དེ་གིས་ གཟན་དོམ་གྱི་ ཚང་འབུབ་འཚའ་སའི་ ས་ཁོངས་ཚུ་ནང་དང་ སྡོད་ཁྱིམ་ནང་ལས་ཕར་ཡང་ ཌེང་གི་གི་ སྨན་ཚུ་གཏོར་ཐོག་ལས་ ཚང་འབུབ་ཚུ་ བསད་དོ་ཟེར་ཨིན་པས།
མི་གིས་ ནད་གཞི་དེ་ འགོ་དང་པ་ ཐོབ་པའི་སྐབས་ གནོད་ཉེན་དེ་ཅིག་ར་མེད་རུང་ ཡང་བསྐྱར་དུ་ ཐོབ་པ་ཅིན་ ཚེ་སྲོག་ལུ་ ཉེན་ཁ་སྦོམ་ཡོད་ཟེར་ སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱིས་ བཀོད་མིའི་ནང་ ནད་གཞི་བཀག་ཐབས་ལུ་ ལྷོ་མཚམས་ཀྱི་ མི་སེར་ཚུ་གིས་ ཆུ་དམ་སྦྱིས་ཚུ་ནང་ བདུན་ཕྲག་༡ ལས་ལྷག་བཀང་མ་བཞག་པར་ ཉིནམ་ཨ་རྟག་ར་ སོར་དགོཔ་མ་ཚད་ རང་སྡོད་སའི་ ས་ཁོངས་དང་ ཆུ་གཡུར་ཚུ་ ག་དེ་དྲག་དྲག་ གཙང་ཏོག་ཏོ་སྦེ་ བཞག་དགོ་ཟེར་ཨིན་པས།
གཟན་དོམ་ཚུ་གིས་ ཚང་འབུབ་མང་ཤོས་ཅིག་ར་ དམ་སྦྱིས་ཚུ་ནང་ ཆུ་ལྷག་ལུས་ཡོད་མིའི་ནང་ འཚའ་དོ་ཡོདཔ་ལས་ ལེགས་ཤོམ་སྦེ་ ཆུ་བཏོན་བཀོ་དགོ་པའི་ཁར་ རང་སོའི་ཁྱིམ་ཚུ་ནང་ གཟན་དོམ་ཚུ་ འཛུལ་ནི་ལས་ བཀག་ཐབས་ལུ་ དྲོ་པ་དང་ ཕྱི་རུ་ དམིགས་བསལ་དུ་ སྒོ་དང་ སྒོ་ཅུང་ཚུ་ ལེགས་ཤོམ་སྦེ་ བསྡམ་དགོ་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།
སྟོབས་རྒྱས་ཀྱིས་ ཉིམ་འཛུལ་ནི་དང་ ཕྱི་རུ་གནམ་སྲོ་མ་རནམ་ཅིག་ཁར་ མི་ཚུ་གིས་ ཕུ་དུང་ཡོད་མི་ ཁེན་ཇ་དང་དོརམ་ཚུ་ གྱོན་དགོཔ་མ་ཚད་ ཕྱི་རུ་ཉལཝ་ད་ གཟན་དོམ་གྱི་ སིང་རས་ཚུ་ ལག་ལེན་འཐབ་དགོ་ཟེར་ བཤདཔ་ཨིན་པས།
ནད་གཞི་དེ་ཡང་ གཟན་དོམ་གྱིས་ སོ་བཏབ་མི་ལུ་བརྟེན་ ཐོབ་དོ་ཡོདཔ་བཞིན་དུ་ ནད་གཞི་ཐོབ་ཡོད་པའི་ ནད་རྟགས་དེ་ དྲོད་འབར་ནི་དང་ མགུ་ཏོ་ན་ནི་ ཁ་ལས་སྐྱུགས་ནི་ རྐང་ཚིགས་ལག་ཚིགས་ཚུ་ ན་དོ་ཡོདཔ་མ་ཚད་ ནད་གཞི་ཐོབ་སྟེ་ ཉིན་གྲངས་༣ དང་༡༤ ནང་འཁོད་ལུ་ གཟུགས་ཁར་སྤོ་རོ་ཐོན་པ་ཅིན་ ཉེ་འདབས་ཀྱི་ སྨང་ཁང་ཚུ་ནང་ འགྱོ་དགོ་ཟེར་ཨིན་པས།
ནད་གཞི་དེ་ ཧ་སུ་ཅིག་སྦེ་ བདའ་ཟུན་པ་ཅིན་ སྨན་བཅོས་འབད་ཚུགསཔ་ལས་ ཚ་གྱང་ལང་དགོཔ་མེདཔ་ད་ མི་མང་གསོ་བའི་ལས་ཁུངས་དང་ རྫོང་ཁག་གསོ་བའི་སྡེ་ཚན་ དེ་ལས་ ཁྲོམ་སྡེ་ཚུ་ མཉམ་འབྲེལ་ཐོག་ལས་ ནད་གཞི་ཚུ་ བཀག་འཛིན་འབད་ནི་ལུ་ ལཱ་འབད་དོ་ཟེར་ཨིན་པས།
ཇིཊ་བྷ་དུར་ དར་ནཱལ་གྱིས་ སླབ་མིའི་ནང་ ཁོ་གི་སྡེ་ཚན་དེ་ ནད་གཞི་ཁྱབ་སྤེལ་སོང་མི་ ས་ཁོངས་ཚུ་ནང་ སོང་ཡོདཔ་ལས་ ད་ལྟོ་ ཆུ་གཡུར་དང་ གྱིབ་འཁོར་རྙིངམ་ དེ་ལས་ མེ་ཏོག་དམ་སྦྱིས་ཚུ་ནང་ གཟན་དོམ་གྱི་ ཚང་འབུབ་ཚུ་ཡོད་མེད་ ལྟ་རྟོག་འབད་དོ་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *