རྫོང་ཁག་གནས་ཚད་ཀྱི་ དངུལ་རྩིས་ཚོགས་ཆུང་ གཞི་བཙུགས་འབད་ཡོདཔ།

༉ དངུལ་རྩིས་བློན་པོ་གིས་གཙོས་པའི་ ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འགོ་དཔོན་སྡེ་ཚན་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ རྒེད་འོག་གནང་བྱིན་དང་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་གྱི་ ལམ་སྟོན་སྐོར་ལས་ གོ་བརྡ་སྤྲོད་པར་ རྫོང་ཁག་ཚུ་ནང་ལས་ཕར་ སོང་སྟེ་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཅའ་མར་གཏོགས་པའི་སྐབས་ ལམ་སྟོན་དེ་ ས་གནས་གཞུང་གི་བཅའ་ཁྲིམས་དང་ འགལ་བ་ཡོདཔ་ལས་ བསྟར་སྤྱོད་འབད་ནི་ལུ་ དཀའ་ངལ་འབྱུང་ནི་ཨིན་པའི་སྐོར་ བཤད་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ བདེ་བ་ཐང་རྒཔོ་ ལས་སྐྱིད་དབང་ཕྱུག་གིས་ བཤད་མིའི་ནང་ རྒེད་འོག་འགོ་དཔོན་ཚུ་གིས་ སྤྱི་འོག་གནས་ཚད་ཀྱི་ གོང་འཕེལ་གྱི་ལཱ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ལས་ ལམ་སྟོན་གསརཔ་དེ་ནང་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ ཚོགས་པ་དང་ མི་སེར་ཚུ་དང་ གྲོས་བསྟུན་ཐོག་ལས་ གཙོ་རིམ་ཚུ་ བསྒྲིག་ནི་ཨིནམ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གི་ ལོ་བསྟར་གནང་བྱིན་ལམ་སྟོན་དེ་ནང་ རྒཔོ་དང་དམངས་མིའི་སྐོར་ལས་ ག་ནི་ཡང་ བཀོད་དེ་མེད་པའི་ཁར་ བཅའ་ཁྲིམས་ནང་འབད་བ་ཅིན་ འཆར་གཞི་ཚུ་ ཆ་འཇོག་འབད་ནིའི་དོན་ལུ་ ཁ་གསལ་སྦེ་ རྒེད་འོག་ཚོགས་འདུ་ལུ་ དབང་ཆ་ཡོདཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
མར་ཚ་ལ་རྒཔོ་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་པ་ཚུ་གིས་ སྤྱི་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་སྟེ་ གོང་འཕེལ་ལས་སྣའི་སྐོར་ལས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བཞིན་དུ་ཡོདཔ་ཨིན་རུང་ ལམ་སྟོན་གསརཔ་དེ་ནང་ འཛོམས་འདུ་ཚུ་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ འགོ་འདྲེན་འཐབ་དགོ་ཟེར་ བཀོད་དེ་ཡོདཔ་ལས་ རྒཔོ་ཚུ་ཚུད་དེ་མེད་པ་ཅིན་ ལམ་སྟོན་དང་འབྲེལ་བའི་ དཀའ་ངལ་ཟཐོན་འོང་ཟེར་ཨིན་པས།
རྒཔོ་ཚུ་གིས་འབད་བ་ཅིན་ ལམ་སྟོན་གསརཔ་ནང་ ཚོགས་པ་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ རྒཔོ་དང་གྲོས་བསྟུན་ཐོག་ལས་ གོང་འཕེལ་ལཱ་གི་ གཙོ་རིམ་ཚུ་ བསྒྲིག་དགོཔ་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་གི་ བྱག་ཕྱོགས་རྒཔོ་ དཔལ་འབྱོར་རྡོ་རྗེ་གིས་ གོ་བརྡའི་ཞལ་འཛོམས་ནང་ གྲལ་གཏོགས་འབད་མ་ཚུགས་རུང་ ལམ་སྟོན་གསརཔ་དེ་ནང་ རྒེད་འོག་གི་དོན་ལུ་ སྤྱིར་བཏང་གཞི་རྟེན་མཐུན་རྐྱེན་གྱི་དོན་ལུ་ འཆར་དངུལ་ས་ཡ་༣.༩ རེ་ བཞག་ཡོད་མི་དེ་ ལག་ལེན་འཐབ་ནི་ལུ་ གདོང་ལེན་འབྱུང་ནི་བཟུམ་འདུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་སྟོན་ནང་ འཆར་དངུལ་དེ་ སོ་ནམ་ཞིང་ལམ་གསརཔ་ནང་ ལག་ལེན་འཐབ་མ་ཆོགཔ་ཨིན་རུང་ ཧེ་མ་ལས་ཡོད་པའི་ལམ་ཚུ་ ཉམས་བཅོ་འབད་དགོ་པ་ཅིན་ ཟད་འགྲོ་གཏང་ཆོགཔ་སྦེ་འདུག་ཟེར་ཨིན་པས།
རྒེད་འོག་ལོ་བསྟར་གནང་བྱིན་ལམ་སྟོན་གསར་པའི་ནང་ སྤྱི་འོག་ཚོགས་པ་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ གཙོ་རིམ་བྱིན་པ་ཅིན་ ལཱ་ག་ཅིའི་དོན་ལུ་ཡང་ ཟད་འགྲོ་སྦེ་ ལག་ལེན་འཐབ་ཆོགཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
དགེ་གླིང་རྒཔོ་ ཕུརཔ་རྡོ་རྗེ་གིས་ ལམ་སྟོན་གསརཔ་མ་བལྟ་རུང་ ས་གནས་གཞུང་གི་ བཅའ་ཁྲིམས་དང་ འགལ་བ་ཡོདཔ་བཟུམ་ མཐོང་ཡི་ཟེར་ བཤདཔ་ཨིན་པས།
ས་གནས་ཀྱི་གཙུག་སྡེ་ ས་གནས་གཞུང་སྐྱོང་དང་ ཞིབ་འཚོལ་ལྟེ་བ་གིས་ཡང་ ལམ་སྟོན་དང་ ས་གནས་གཞུང་གི་ བཅའ་ཁྲིམས་གཉིས་ལུ་ དབྱེ་དཔྱད་འབད་བའི་སྐབས་ དོན་ཚན་ཚུ་ གཅིག་མཐུན་མེདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ལྟེ་བ་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་གྱི་ དོན་ཚན་བཞི་དང་ རྒེད་འོག་ལོ་བསྟར་གནང་བྱིན་གྱི་ དོན་ཚན་ལྔ་ ད་ལྟོའི་བཅའ་ཁྲིམས་དང་ མི་འཁྲིལ་བས་ཟེར་ཨིན་པས།
ད་ལྟོའི་བཅའ་ཁྲིམས་དེ་ གཙོ་བོ་ར་ འཆར་གཞི་བཟོ་ཡོད་མི་ ལས་སྣ་ཚུ་ ཆ་འཇོག་དང་ ལྟ་རྟོག་འབད་ནི་ དེ་ལས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་ འགན་ཁུར་དང་ ཚོང་འབྲེལ་དང་འབྲེལ་བའི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་དོན་ཚན་༥༡ པའི་ནང་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་ལོ་བསྟར་འཆར་གཞི་ཚུ་ འཆར་དངུལ་གྱི་ ཚད་གཞི་དང་འཁྲིལ་ ཆ་འཇོག་འབད་དགོཔ་སྦེ་ ཡོདཔ་ཨིན་རུང་ རྫོང་ཁག་གོང་འཕེལ་གནང་བྱིན་ལམ་སྟོན་གྱི་ དོན་ཚན་༤ པའི་ཀ་པ་ནང་ རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་འོག་ལུ་ གྲོས་འཆར་བཙུགས་ཡོད་མི་ ལས་སྣ་ཚུ་ རྫོང་ཁག་འཆར་དངུལ་ཚོགས་ཆུང་ལུ་ བཙུགས་དགོ་ཟེར་ཡོདཔ་ཨིན་པས།
ལྟེ་བ་གིས་ ད་རུང་ དཔེ་གསལ་སྟོན་འབད་མི་དེ་ ས་གནས་གཞུང་གི་ བཅའ་ཁྲིམས་དོན་ཚན་༥༢ པའི་ནང་ དངུལ་རྩིས་ལྷན་ཁག་གིས་ འཆར་དངུལ་གྱི་ཚད་གཞི་ བཟོ་མི་དང་འཁྲིལ་ རྫོང་ཁག་ལོ་བསྟར་འཆར་དངུལ་གྱི་ གྲོས་འཆར་དེ་ རྫོང་ཁག་ཚོགས་འདུ་གིས་ བསྐྱར་ཞིབ་འབད་དགོཔ་སྦེ་ ཡོདཔ་ཨིན་རུང་ རྫོང་ཁག་གོང་འཕེལ་གནང་བྱིན་གྱི་ ལམ་སྟོན་ནང་ བསྐྱར་ཞིབ་དང་ ཆ་འཇོག་འབད་ནིའི་ དབང་ཆ་དེ་ དངུལ་རྩིས་ཚོགས་ཆུང་ལུ་ཡོདཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ རྫོང་ཁག་གོང་འཕེལ་གནང་བྱིན་ལམ་སྟོན་དེ་ གནང་བ་བྱིན་ནིའི་ དབང་ཆ་དེ་ རྫོང་ཁག་ཚོགས་འདུ་ལས་ རྫོང་ཁག་བདག་སྐྱོང་ལུ་ ཡོདཔ་བཟོ་ནིའི་ཐབས་ལུ་ བསྐྱར་ཞིབ་འབད་ནུག་ཟེར་ཨིན་པས།
ཨིན་རུང་ རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་ བློ་གྲོས་ཚེ་བརྟན་གྱིས་འབད་བ་ཅིན་ ལམ་སྟོན་གསརཔ་དེ་ དམངས་ཀྱི་གཞི་རྟེན་མཐུན་རྐྱེན་ཚུ་ སྤུས་ཚད་དང་ལྡནམ་ ཡོདཔ་བཟོ་ཐབས་ལུ་དམིགས་ཏེ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ དངུལ་རྩིས་ཚོགས་ཆུང་དེ་ ཟད་འགྲོ་ཚུ་ ཚུལ་ལྡན་སྦེ་ གཏང་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལམ་སྟོན་གྱིས་ ས་གནས་གཞུང་གི་ བཅའ་ཁྲིམས་ཀྱི་ དོན་ཚན་ཚུ་དང་ འགལ་བ་མེད་མི་དེ་ཡང་ ལས་སྣ་ཚུ་དང་འབྲེལ་བའི་ མཐའན་མཇུག་གི་ ཆ་འཇོག་དབང་ཆ་དེ་ རྫོང་ཁག་ཚོགས་འདུ་དང་ ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ བཞག་སྟེ་ཡོད་ནི་དེ་གིས་ཨིན་པས།
ཉམས་མྱོང་དང་འཁྲིལ་ ལམ་སྟོན་དེ་གི་ཐོག་ལས་ རྫོང་ཁག་འགོ་དཔོན་དང་ དམིགས་བསལ་དུ་ དངུལ་རྩིས་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ལས་སྣ་ཚུ་ ངོས་འཛིན་འབད་ཚུགས་ནི་ཨིན་རུང་ མཐའ་བཅད་ཀྱི་ ཆ་འཇོག་དེ་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ར་ བཅད་འོང་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *