རྫོང་ཁག་ཁྲོམ་སྡེ་༡༦ གི་ འཐུས་མི་ཚུ་གི་ འགན་ཁུར་དྭངས་གསལ་མེདཔ།

༉ མ་དངུལ་འཛིན་གྲོལ་དང་ བཙག་འཐུ་གྲུབ་པའི་ ས་གནས་གཞུང་ཚུ་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ ཚོགས་སྡེ་ཚུ་ཡོད་མི་ རྫོང་ཁག་ཁྲོམ་སྡེ་༤ དང་ རྒེད་འོག་༢༠༥ ནང་ གོང་འཕེལ་གྱི་ བྱ་རིམ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཨིན་རུང་ རྫོང་ཁག་༡༦ ལུ་ ཁྲོམ་སྡེ་ཚོགས་སྡེ་མེདཔ་ལས་ འཆར་གཞི་དང་ གོང་འཕེལ་གྱི་ ལས་སྣ་ཚུ་ འབད་ནི་དེ་ འབྲེལ་ཡོད་རྫོང་ཁག་བདག་སྐྱོང་གི་འོག་ལུ་ཨིནམ་ལས་ སྟབས་མ་བདེཝ་ཡོདཔ་ཨིན་པས།
བཙག་འཐུ་ལས་གྲུབ་མི་ ས་གནས་གཞུང་བཟུམ་སྦེ་ རྫོང་ཁག་བདག་སྐྱོང་ལུ་ དུས་ཚོད་ནང་འཁོད་ལུ་ གོང་འཕེལ་ལས་སྣ་ཚུ་ འབད་དགོཔ་སྦེ་མེད་མི་ལུ་བརྟེན་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ ཡུན་འགྱངས་ལུསཔ་མས་ཟེར་ ལྟ་རྟོག་པ་ཚུ་གིས་ བཤདཔ་ཨིན་པས།
བསམ་རྩེ་དང་ མོང་སྒར་ དེ་ལས་ སྤ་རོ་རྫོང་ཁག་ཁྲོམ་སྡེ་ཚུ་ནང་ ཁྲོམ་སྡེ་༤ བཟུམ་སྦེ་ མི་རློབས་དང་ ས་ཆའི་གནས་སྟངས་དང་འབྲེལ་བའི་ གནད་དོན་ལེ་ཤ་ཡོདཔ་ད་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་ ཁྲོམ་སྡེ་འཐུས་མི་ཚུ་གི་ འགན་ཁུར་ཁ་གསལ་སྦེ་ འཁོད་དེ་མེདཔ་ལས་ ཁོང་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ བཙག་འཐུའི་ཐོག་ལས་ གདམ་འཐུ་འབད་ཡོད་རུང་ ཁྲོམ་སྡེ་ནང་ གོང་འཕེལ་ལས་སྣ་ཚུ་ ཚད་ཅིག་ལས་བརྒལ་ འབད་མི་ཚུགས་པས་ཟེར་ཨིན་པས།
དབང་འདུས་ཕོ་བྲང་ཁྲོམ་སྡེའི་འཐུས་མི་ བསྟན་འཛིན་དབང་ཕྱུག་དེ་ རྒཔོ་མེན་པར་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དང་ ཁྲོམ་སྡེ་འཐུས་མི་སྦེ་ ཕྱག་ཞུ་མི་དེ་ རྒྱལ་ཁབ་ནང་ ཁོ་ར་ རྐྱངམ་གཅིག་ཨིནམ་ལས་ ཁོ་ལུ་ ལཱ་འབད་ནི་ལུ་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་མེདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་འཐུས་མི་ཚུ་ལུ་ ལཱ་འགན་དྭངས་གསལ་སྦེ་ བཀོད་དེ་མེདཔ་ལས་ བ་འཇོ་ཁྲོམ་ གོང་འཕེལ་གཏང་ནི་དེ་ རྒྱ་ཆེཝ་སྦེ་ ཤུགས་བཏོན་མ་ཚུགས་ཟེར་ཨིན་པས།
བཀབ་ནེ་དཀརཔོ་དང་ དཔའ་རྟགས་བཏགས་མི་ ཁྲི་འཛིན་བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ ལཱ་དེ་ཡང་ རྫོང་ཁག་བདག་སྐྱོང་གི་ བརྡ་དོན་ཚུ་ ཁྲོམ་སྡེའི་མི་སེར་ཚུ་ལུ་ སྙན་ཞུ་འབད་དོ་ཟེར་ཨིནམ་ད་ ཁྲོམ་སྡེ་ནང་ འཆར་གཞི་དང་ གོང་འཕེལ་ལས་སྣ་ཚུ་ ཁྲོམ་སྡེ་དང་ རྫོང་ཁག་གིས་ འབད་དོ་ཡོདཔ་ལས་ ང་བཅས་ཀྱི་ འགན་ཁུར་ཟེར་རུང་ ལས་སྣ་ཚུ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ཡོད་མེད་ ལྟ་རྟོག་འབད་ནི་རྐྱངམ་གཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།
ལྟ་རྟོག་པ་ཚུ་གིས་ བཤད་མིའི་ནང་ རྫོང་ཁག་ཚོགས་འདུ་གིས་ ཁྲོམ་སྡེའི་ཕན་བདེ་རྐྱངམ་གཅིག་མེན་པར་ རྒེད་འོག་ག་རའི་ མཐའ་དོན་ཚུ་ བལྟ་དོ་ཟེར་ཨིནམ་ད་ རྒེད་འོག་དང་ ཁྲོམ་སྡེའི་གནད་དོན་ཚུ་ ཐ་དད་ཨིན་པའི་ཁར་ རྒེད་འོག་གི་ གནས་སྟངས་སྐོར་ལས་ མ་ཤེས་པ་ཅིན་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་སྦེ་ ཕྱག་ཞུ་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ གཅིག་གིས་བཤདཔ་ཨིན་པས།
ཁྲོམ་སྡེ་འཐུས་མི་ཚུ་ ཨ་རྟག་ར་ ཡིག་ཚང་ནང་ འགྱོ་ནི་མེད་རུང་ ཟླ་རིམ་གྱི་ དངུལ་ཕོགས་དེ་ དུས་རྒྱུན་དུ་ ཡིག་ཚང་ནང་འགྱོ་མི་ དམངས་མི་དང་ འདྲན་འདྲ་ཐོབ་དོ་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་གིས་ འགན་འཁྲིའི་འཐུས་ཚུ་ ཐོབ་དོ་ཡོད་རུང་ དབང་འདུས་ཕོ་བྲང་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་གྱིས་ རྒེད་འོག་༢༠༤ གི་ ཁྲི་འཛིན་དང་ཕྱདཔ་ད་ འཐུས་ཉུང་སུ་སྦེ་ ཐོབ་མི་ལུ་བརྟེན་ ཁྱད་པར་ཞུགས་དོ་ཡོདཔ་ཨིན་པས།
རྫོང་ཁག་ལ་ལོ་ཅིག་གིས་ ཁྲོམ་སྡེ་འཐུས་མི་ཚུ་ ཁྲོམ་སྡེ་གོང་འཕེལ་ཚོགས་ཆུང་གི་ འཐུས་མི་སྦེ་ བཙུགས་ཏེ་ཡོདཔ་བཞིན་དུ་ འཐུས་མི་ཚུ་གིས་ རྫོང་ཁག་བདག་སྐྱོང་དང་ ཁྲོམ་སྡེའི་བར་ན་ བརྡ་དོན་བྱིན་མི་ ཟམ་བཟུམ་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།
བསམ་རྩེའི་ཁྲོམ་སྡེ་འཐུས་མི་ སཱོན་ཀུ་མར་ པར་དཱན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁྲོམ་སྡེ་འཐུས་མི་གི་ འགན་ཁུར་ཚུ་ ཁ་གསལ་སྦེ་མེད་པའི་ཁར་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་འབད་རུང་ ཁོང་གི་འགན་ཚད་ཚུ་ ཟིན་བྲིས་བཏབ་སྟེ་ མིན་འདུག་ཟེར་ཨིན་པས།
ཁྲོམ་སྡེ་འཐུས་མི་ཚུ་གིས་ ཁྲོམ་སྡེ་ནང་ ལྟ་རྟོག་འབད་མི་ཚུ་འོངམ་ད་ བརྡ་དོན་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་པའི་ཁར་ མི་མང་ཞལ་འཛོམས་ཀྱི་ ཁྱབ་བསྒྲགས་དེ་ཡང་ ཆེ་མཐོའི་འགོ་དཔོན་ཚུ་བྱོནམ་ད་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཚུགས་པས་ཟེར་ བཤདཔ་ཨིན་པས།
གནད་དོན་ཚུ་ཡང་ སྤྱི་ཚོགས་ཀྱིས་ རྫོང་ཁག་༢༠ ནང་ རྫོང་ཁག་ཁྲོམ་སྡེ་ཚོགས་སྡེ་ གཞི་བཙུགས་འབད་ནི་སྦེ་ ཐག་བཅད་པའི་ཤུལ་ལས་ ཆ་མེད་བཏང་ཐོག་ལས་ སྤྱི་ལོ་༢༠༡༦ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་ནུག།
གཞུང་གིས་ ས་གནས་གཞུང་སྐྱོང་གི་བཅའ་ཁྲིམས་༢༠༠༩ ཅན་མ་ སྤྱི་ལོ་༢༠༡༤ ལུ་ རྫོང་ཁག་ཁྲོམ་སྡེ་དབྱེ་ཁག་ཀ་པ་དང་ཁ་པ་སྦེ་ ཡོད་མི་དེ་ ཆ་མེད་བཏང་ཐོག་ལས་ འཕྲི་སྣོན་འབད་བའི་ཤུལ་ལས་ འཕྲི་སྣོན་བཅའ་ཁྲིམས་༢༠༡༤ ཅན་མའི་ནང་ ཁྲོམ་སྡེ་འཐུས་མི་ཚུ་གིས་ འགན་ཁུར་ཚུ་ ཁ་གསལ་སྦེ་ བཀོད་དེ་མེདཔ་ཨིན་པས།
འཐུས་མི་ཚུ་ ཡིག་ཚང་ནང་ འོང་དགོཔ་སྦེ་ སླབ་ཡོད་རུང་ ཡིག་ཚང་ལེགས་ཤོམ་ཅིག་མེདཔ་ལས་ ལཱ་འབད་ནི་ལུ་ སྤྲོ་བ་དང་ སེམས་ཤུགས་ཡོད་རུང་ བཅའ་ཁྲིམས་དང་ འགན་ཁུར་ཚུ་མེད་པ་ཅིན་ དཀའ་ངལ་འབྱུང་ནི་ཨིན་པས།
ཀྲོང་གསར་གྱི་ ཁྲོམ་སྡེ་འཐུས་མི་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འཐུས་མི་ཅིག་ཡང་ཨིན་རུང་ འགན་ཁུར་དེ་ སོ་སོར་ཨིནམ་ད་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཚོང་འབྲེལ་གྱི་ ཆོག་ཐམ་འཆང་མི་དེ་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ འཐུས་མི་འབད་ཆོག་རུང་ བཙག་འཐུ་ནང་ དོ་འགྲན་འབད་མི་ཆོག་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *