རྫོང་ཁག་༦ ལུ་ གློག་ཤུགས་སྣུམ་འཁོར་གྱི་ འཕྲུལ་ལྟོ་བསྐྱར་གསོ་ཁང་༢༡ གཞི་བཙུགས།

༉ ད་ལས་ཕར་་གློག་ཤུགས་སྣུམ་འཁོར་གཏང་མི་ཚུ་གིས་ ཐིམ་ཕུག་དང་ སྤ་རོ་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ ཆུ་ཁ་ ཧཱ་ཚུ་ནང་ དཀའ་ངལ་མེད་པར་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༤ ལས་ བསྐྱར་གསོ་མགྱོགས་དྲགས་འབད་མི་ འཕྲུལ་ལྟོ་༡༡ དང་ དུས་ཡུན་ཧ་ལམ་འགོར་མི་ འཕྲུལ་ལྟོ་༡༠ ལག་ལེན་འགོ་བཙུགས་ནི་དེ་གིས་ཨིན་པས།

ཉིནམ་དེ་ནང་ ཐིམ་ཕུག་ལུ་ འཕྲུལ་ལྟོ་བསྐྱར་གསོ་ཁང་ཅིག་ རྟེན་འབྲེལ་མདོར་བསྡུས་བརྩི་ཐོག་ལས་ སྒོ་འབྱེད་འབད་ནུག།

མགྱོགས་དྲགས་སྦེ་ བསྐྱར་གསོ་འབད་མི་གིས་ སྣུམ་འཁོར་ཀཱར་ཅིག་ དུས་ཡུན་སྐར་མ་༣༠ དང་ཆུ་ཚོད་༡ གྱི་བར་ན་ ཧྲིལ་བུ་སྦེ་ འཕྲུལ་ལྟོ་བསྐྱར་གསོ་འབད་ཚུགསཔ་མ་ཚད་ འཕྲུལ་ལྟོ་གཞན་ཚུ་ལས་ བསྐྱར་གསོ་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༢ དང་༣ དེ་ཅིག་ འགོར་དོ་ཡོདཔ་ད་ བསྐྱར་གསོ་ཁང་ཅིག་ནང་ སྣུམ་འཁོར་༢ ཀྱི་ འཕྲུལ་ལྟོ་བསྐྱར་གསོ་འབད་ཚུགསཔ་ཨིན་པས།

ལས་འགུལ་དེ་གི་ཐོག་ལས་ རྫོང་ཁག་༦ གི་ས་གནས་༡༤ ནང་ བསྐྱར་གསོ་མགྱོགས་དྲགས་འབད་མི་ འཕྲུལ་ལྟོ་༡༤ དང་ ཧ་ལམ་ཅིག་འགོར་མི་ འཕྲུལ་ལྟོ་༡༠ གཞི་བཙུགས་འབད་ནི་ཨིན་རུང་ སྤ་རོ་དང་ ཕུན་ཚོགས་གླིང་ལུ་ བསྐྱར་གསོ་ཁང་༢ གཞི་བཙུགས་ཀྱི་ ལཱ་མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀྱི་ གནས་སྟངས་དང་ རྒྱ་གར་ཀཱོལ་ཀ་ཊ་ལས་ གློག་ཆས་དང་འབྲེལ་བའི་ ཡན་ལག་ཅ་ཆས་ཚུ་ཐོབ་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ བསྐྱར་གསོ་ཁང་༤ མཇུག་བསྡུ་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ལཱ་ཐོགས་ལུས་མི་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ བཤདཔ་ཨིན་པས།

ཐིམ་ཕུག་ལུ་ བསྐྱར་གསོ་ཁང་གཞི་བཙུགས་འབད་མི་ཚུ་གི་གྲས་ལས་༢ ལྕང་གླིང་མི་ཐང་དང་ ལུང་བསྟན་ཟམ་པ་དང་ འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་འོག་མའི་ས་ཁོངས་ དེ་ལས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ ས་འཁོངས་ནང་ བསྐྱར་གསོ་ཁང་རེ་རེ་ གཞི་བཙུགས་འབད་ནུག།

 ཧཱ་ཁྲོམ་དང་ བ་འཇོ་ ཁུ་རུ་ཐང་ དེ་ལས་ དགེ་འདུ་ལུ་ བསྐྱར་གསོ་ཁང་རེ་ བཙུགས་ཡོདཔ་ད་ སྤ་རོ་ལུ་ བསྐྱར་གསོ་ཁང་༡ གླ་འཁོར་བཞག་ས་རྙིངམ་ནང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

ལས་འགུལ་འཛིན་སྐྱོང་པ་ ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྫོང་ཁག་གཞན་ཚུ་ནང་ཡང་ བསྐྱར་གསོ་ཁང་ཚུ་ གཞི་བཙུགས་འབད་དགོཔ་དེ་ ཁག་ཆེཝ་ལས་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ས་ཡ་༦༩ གནང་བ་གྲུབ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *