བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ རྫོང་ཁག་༦ གི་རྫོང་བདག་དང་ ཁྲོམ་སྡེ་༢ ཀྱི་ ཁྲོམ་དཔོན་ཚུ་དང་གཅིག་ཁར་ བར་མཚམས་བསྐྱར་ཞིབ་སྙན་ཞུའི་ གྲོས་བསྟུན་འབད་བའི་བསྒང་།

རྫོང་ཁག་༦ གི་ བར་མཚམས་བསྐྱར་ཞིབ་སྙན་ཞུ་ཚུ་ལུ་ གྲོས་བསྟུན་འབད་ཡོདཔ།

༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ནུབ་ཕྱོགས་དང་ ལྷོ་ཕྱོགས་ དེ་ལས་ དབུས་ཕྱོགས་རྫོང་ཁག་༦ དང་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ཁྲོམ་སྡེ་༢ ཀྱི་ བར་མཚམས་བསྐྱར་ཞིབ་སྙན་ཞུའི་ གྲོས་བསྟུན་ཚུ་ སྤ་རོ་ལུ་སྦེ་ གནང་ཡི།
བུམ་ཐང་རྫོང་ཁག་གིས་ འཆར་གཞི་ལས་སྣ་བསྡོམས་ཀྱིས་ཁག་༦༤ ཡོད་ས་ལས་༡༠ གྲུབ་ཚར་ཏེ་ཡོདཔ་ད་ གཞན་མི་ལཱ་ ཁག་༥༡ ད་ལྟོ་འབད་འཕྲོ་ཡོད་རུང་ ཁག་༣ ཉེན་ཁ་ཅན་ནང་ཡོད་པའི་ སྙན་ཞུ་ཕུལ་ཡི།
རྫོང་ཁག་དེ་ནང་ གློག་མེའི་མཐུན་རྐྱེན་ བརྒྱ་ཆ་ལས་བརྒྱ་སྦེ་ བཀྲམ་སྤེལ་འབད་ཚུགས་ཏེ་ཡོད་རུང་ རྫོང་ཁག་ནང་ ཨ་ལོ་རྨས་སྐྱེས་༢ ལུ་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་ཡོད་མི་ལུ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ མོ་ནད་མཁས་མཆོག་དགོ་པའི་ཁར་ དེ་མིན་ ཉེ་འདབས་རྫོང་ཁག་ ཀྲོང་གསར་གྱི་སྨན་ཁང་དང་གཅིག་ཁར་ མོ་ནད་མཁས་མཆོག་ཅིག་ མཉམ་རུབ་ཐོག་ལས་ བྱིན་དགོ་པའི་ ཞུ་བ་ཕུལ་ཡི།
དེ་ལུ་ བློན་ཆེན་གྱིས་ ཨ་ལོ་རྨས་སྐྱེས་ཤི་མི་དེ་ མོ་ནད་མཁས་མཆོག་བྱིན་རུང་ བཀག་ཐབས་འབད་མི་ཚུགས་ཟེར་ གསུངས་ཡོདཔ་ད་ རྫོང་ཁག་ནང་ ཆང་ལུ་བརྟེན་ ཤི་རྐྱེན་བྱུང་མི་དེ་ཡང་ རེ་གཉིས་ཐོན་དོ་ཡོདཔ་ལས་ རྫོང་ཁག་གི་ཁ་ཐུག་ལས་ མི་སེར་ཚུ་ལུ་ གོ་བརྡ་ཚུ་ སྤྲོད་ནི་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ རྫོང་ཁག་དེ་ནང་ འདས་པའི་ལོ་ནང་ སློབ་ཕྲུག་བུམོ་ཅིག་གིས་ རང་སྲོག་བཅད་ཡོདཔ་ལས་ དཀའ་ངལ་དེའི་སྐོར་ལས་ཡང་ རྫོང་ཁག་གིས་ འཆར་གཞི་བཟོ་ཡོད་མི་དང་འཁྲིལ་ གོ་བརྡའི་ལས་རིམ་ཚུ་ སྤྲོད་ཐོག་ལས་ སྨན་ཁང་དང་ སློབ་གྲྭ་ཁག་ཚུ་ནང་ཡོད་མི་ བསླབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁག་གིས་ ཟས་བཅུད་ཡར་དྲག་གཏང་ནི་དང་ ཡུན་བརྟན་བཟོ་ཐབས་ལུ་ རྫོང་ཁག་ནང་ བྱམོ་༥,༦༢༢ དེ་ཅིག་གིས་ སྒོང་རྡོག་༥༤༥,༡༤༦ ཐོན་སྐྱེད་འབད་ཡོདཔ་ལས་ མ་འོངས་པའི་ནང་ དམིགས་གཏད་དེ་ སྒོང་རྡོག་ས་ཡ་༡ ཐོན་སྐྱེད་འབད་ནིའི་ བསྐྱར་ཞིབ་འབད་དགོ་པའི་ ཞུ་བ་ཕལ་ཡི།
རྫོང་ཁག་གིས་ རེད་མེ་ཊིག་ཊཱོན་༢༥༠ དམིགས་གཏད་བསྐྱེད་ས་ལས་ མེ་ཊིག་ཊཱོན་༢༦༥.༦༩ ཐོན་སྐྱེད་འབད་ཚུགས་ཡོད་རུང་ བློན་ཆེན་གྱིས་ པདྨ་དགའ་ཚལ་རྫོང་ཁག་གིས་ མེ་ཊིག་ཊཱོན་༤༠ ལས་ ཐོན་སྐྱེད་མ་འབདཝ་ལས་ རྫོང་ཁག་ག་ར་གིས་ རེད་ཀྱི་ཐོན་སྐྱེད་ལུ་ བསྐྱར་ཞིབ་འབད་དགོཔ་སྦེ་ གསུངས་ཡི།
ཆུ་ཁ་རྫོང་ཁག་གིས་ མི་སྡེའི་གསོ་བ་ཡར་དྲག་གཏང་ཐབས་ལུ་ སྨན་ཁབ་བཙུགས་ནིའི་ དམིགས་གཏད་ཡོད་མི་ཚུ་ག་ར་ གྲུབ་ཚུགས་ཡོདཔ་ད་ ཁྲོམ་སྡེའི་མཐུན་རྐྱེན་ཚུ་བྱིན་ཐབས་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་བཟོ་ནིའི་ འཆར་གཞི་ཡོད་མི་དེ་ ཨ་རྒས་སྤ་ཟེར་སར་ བཟོ་སྐྲུན་འབད་ཡོདཔ་ལས་ བརྒྱ་ཆ་བརྒྱ་སྦེ་ར་ འགྲུབ་ཚུགས་ཡོད་པའི་ སྙན་ཞུ་ཕུལ་ཡི།
དེ་མ་ཚད་ རྫོང་ཁག་གིས་ རྒེད་འོག་༡༡ ནང་ ཕྱགས་བདར་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་མི་དང་འཁྲིལ་ རྫོང་ཁག་ནང་ ཕྱག་བདར་ཐེངས་༦ འགོ་འདྲེན་འཐབ་ཡོད་པའི་ཁར་ ཉའི་ཐོན་སྐྱེད་ མེ་ཊིག་ཊཱོན་༠.༤༥ དམིགས་གཏད་བསྐྱེད་མི་དེ་ ལོག་སྤྱི་ན་རྒེད་འོག་ལས་ ཐོན་སྐྱེད་མེ་ཊིག་ཊཱོན་༠.༤༩ འབད་ཚུགས་ཡོདཔ་ཨིན་པས།
དེ་མ་ཚད་ རྫོང་ཁག་གིས་ སོ་ནམ་ཞིང་ལཱའི་དོན་ལུ་ ས་ཆ་ཨེ་ཀར་༡༠ ནང་ འཕྲུལ་གླང་ལག་ལེན་འཐབ་ནིའི་ དམིགས་གཏད་ཡོདཔ་ཨིན་རུང་ རྫོང་ཁག་གིས་ རྒྱབ་ཕྱོག་རྒེད་འོག་ནང་ ཨེ་ཀར་༢༧.༩༥ ནང་ འཕྲུལ་ཆས་ལག་ལེན་འཐབ་ཚུགས་ཡོདཔ་ད་ རྫོང་ཁག་གི་ ཨ་ལོ་ཚུ་གིས་ ལྷག་དེབ་༧༧,༠༠༠ ལྷག་ནིའི་ དམིགས་གཏད་ཡོད་རུང་ སློབ་གྲྭ་༣༦ གི་ ཨ་ལོ་ཚུ་གིས་ དཔེ་དེབ་༡༤༧,༥༤༥ ལྷག་ཚར་ནུག་ཟེར་ཞུ་ཡི།
རྫོང་ཁག་གིས་ ཀེ་བའི་ཐོན་སྐྱེད་དེ་ མེ་ཊིག་ཊཱོན་༥༧༥༢ ལུ་ བཞག་ཡོད་རུང་ ཐོན་སྐྱེད་འབད་ནི་རནམ་ད་ ཀེ་བའི་ནད་གཞི་ ཐོན་མི་དེ་གིས་ ཐོན་སྐྱེད་ཀྱི་དམིགས་གཏད་ འགྲུབ་མ་ཚུགསཔ་ལས་ གཞུང་གིས་ དམིགས་གཏད་དེ་ མེ་ཊིག་ཊཱོན་༢,༥༧༥ ལུ་ མར་ཕབ་འབད་དགོ་པའི་ ཞུ་བ་ཕུལ་ཡི།
རྫོང་ཁག་ནང་ ཆུ་གཡུར་ཀི་ལོ་མི་ཊར་༡.༤ དམིགས་གཏད་བསྐྱེད་མི་ལས་ ཀི་ལོ་མི་ཊར་༡༥ ལྷགཔ་ཅིག་ སེལ་ཚར་ཡོདཔ་ད་ སོ་ནམ་ཞིང་ལམ་དེ་ཡང་ ཀི་ལོ་མི་ཊར་༡༠༩.༥༧ དམིགས་གཏད་བསྐྱེད་ས་ལས་ ཀི་ལོ་མི་ཊར་༡༢༡ སེལ་ཚར་ཡོདཔ་ ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *