རྫོང་ཁག་༡༨ ནང་ མི་༧,༦༦༤ ལུ་ ཚ་བ་དྲོད་འབར་གྱི་ནད་གཞི་ ཌེང་གི་ཐོབ་ཡོདཔ།

གསོ་བ་ལྷན་ཁག་གིས་ ནད་གཞི་དར་ཁྱབ་ བཀག་ཐབས་ཀྱི་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་པའི་བསྒང་འདུག།

༉ སྤྱི་ཟླ་༧ པའི་ཚེས་༡ ལས་ ཁ་ཙ་ཚུན་ཚོད་ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་༡༨ ནང་ མི་གྲངས་༧,༦༦༤ ལུ་ ཚ་བ་དྲོད་འབར་གྱི་ནད་གཞི་ ཌེང་གི་ཐོབ་མི་ལས་ མི་༤ ལུ་ ཤི་རྐྱེན་བྱུང་ནུག།
ནད་གཞི་ཐོབ་མི་ཚུ་གི་གྲས་ལས་ ཕུན་ཚོགས་གླིང་ལུ་ བརྒྱ་ཆ་༨༧ ཨིན་མི་དེ་ རྒྱལ་ཁབ་ནང་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།
ཁ་ཙ་ གསོ་བ་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་མིའི་ནང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ཌེང་གི་ནད་གཞི་ལུ་བརྟེན་ མི་སེར་ཚུ་ལུ་ དཀའ་སྡུག་དང་ ཚ་གྱང་ལང་བཅུག་ཡོདཔ་ལས་ གསོ་བའི་ལས་བྱེདཔ་ཚུ་གིས་ ནད་གཞི་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་དོ་ཟེར་བཤད་ཅི།
བཀག་ཐབས་འབདཝ་དང་འབྲེལ་ ནད་གཞི་ཐོབ་མི་ཚུ་ལུ་ སྨན་བཅོས་འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་མ་ཚད་ མི་མང་གི་ཧོངས་ལས་འབད་རུང་ མཉམ་འབྲེལ་དང་ རྒྱབ་སྐྱོར་གང་དྲག་འབད་དགོ་ཟེར་ གསོ་བའི་བློན་པོ་གིས་ ཞུ་བསྐུལ་འབད་བའི་ཁར་ མི་སེར་ཚུ་ བདེ་སྐྱིད་དང་ལྡནམ་སྦེ་ བཞག་ནི་དེ་ ལྷན་ཁག་གི་ གཙོ་རིམ་ཅན་ཅིག་ཨིནམ་ལས་ གསོ་བའི་ལས་བྱེདཔ་ཚུ་གིས་ བཀག་ཐབས་ལུ་ བརྩོད་ཤུགས་བསྐྱེད་བཞིན་དུ་ཡོད་ཟེར་བཤད་ཅི།
གསོ་བའི་འགོ་དཔོན་ རིན་ཆེན་རྒྱ་མཚོ་གིས་ སླབ་མིའི་ནང་ ཌེང་གི་ནད་གཞི་ཁྱབ་སྤེལ་སོང་ཡོད་པའི་སྐོར་ འགོ་དང་པ་ར་ སྤྱི་ཟླ་༧ པའི་ཚེས་༥ ལུ་ གསོ་བའི་ལྷན་ཁག་ལུ་ སྙན་ཞུ་ལྷོད་པའི་ཤུལ་ལས་ སྨན་བཅོས་མཁས་མཆོག་དང་ ལས་བྱེདཔ་ཚུ་ སྤྱི་ཚེས་༧ ལུ་ ཐིམ་ཕུག་ལས་ ཕུན་ཚོགས་གླིང་ལུ་ བཏང་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ནདཔ་ཚུ་ལུ་ སྨན་བཅོས་དང་ མི་གཞན་ལུ་ སྤེལ་ནི་ལས་ བཀག་ཐབས་ལུ་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་སྡོད་པའི་ ནམ་དུས་ལུ་ བཀྲིས་གཡང་རྩེ་དོག་གསུམ་ལས་ ཚ་བ་དྲོད་འབར་གྱི་ ནད་གཞི་ཨིན་པའི་ གཏན་འཁེལ་འབད་མ་ཚུགས་པའི་ སྙན་ཞུ་དེ་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཐོབ་ཡོདཔ་བཞིན་དུ་ ཁྱབ་སྤེལ་དེ་ སྤྱི་ཟླ་༨ པའི་ཚེས་༡ ལས་ འགྱོ་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
ཁ་ཙ་ གསོ་བའི་འགོ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ ཌེང་གི་ནད་གཞི་ཁྱབ་སྤེལ་དང་ དེ་གི་གདོང་ལེན་ གནས་སྟངས་ཚབས་ཆེན་ དེ་ལས་ ཌེང་གི་ནད་གཞི་ག་ཅི་ལུ་བརྟེན་ ཐོབ་ཨིན་ན་དང་ ག་དེ་སྦེ་ མར་ཕབ་དང་ བཀག་ཐབས་འབད་ནི་ཨིན་ན་ཚུ་གི་སྐོར་ གསལ་བཤད་འབད་ཡི།
ལྷན་ཁག་ལས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཕུན་ཚོགས་གླིང་ལུ་ ཌེང་གི་ཐོབ་མི་ དར་ཁྱབ་སོང་པའི་ཤུལ་ལུ་ རྫོང་ཁག་༡༨ ཀྱི་གྲས་ལས་ ཆུ་ཁ་རྫོང་ཁག་ནང་ མི་༡,༥༡༣ ལུ་ ཐོབ་མི་དེ་ མཐོ་ཤོས་ཨིན་པས།
གསར་སྤང་རྫོང་ཁག་ནང་ མི་གྲངས་༡༠༠ དང་ བཀྲིས་གཡང་རྩེ་ལུ་༧༦ ཐིམ་ཕུག་ལུ་༥༥ བསམ་རྩེ་ལུ་༤༢ བསམ་གྲུབ་ལྗོངས་མཁར་ལུ་༢༨ སྤ་རོ་ལུ་༢༠ པདྨ་དགའ་ཚལ་ལུ་༢༣ དར་དཀར་ནང་ལུ་༢༢ མོང་སྒར་ལུ་༡༦ བཀྲིས་སྒང་རྫོང་ཁག་ནང་ མི་༡༥ དང་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ མི་༥ ཚད་ནད་ཌེང་གི་ཐོབ་ནུག།
ད་རུང་ གཞལམ་སྒང་རྫོང་ཁག་ནང་ མི་༢༧ དང་ རྩི་རང་ལུ་༡༡ སྤུ་ན་ཁ་ལུ་༥ ཀྲོང་གསར་ལུ་༥ ཧཱ་རྫོང་ཁག་ནང་ མི་༤ དང་ མགར་ས་ལུ་ མི་༡ ལུ་ ནད་གཞི་ཐོབ་མི་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་ཟླ་༨ པའི་ཚེས་༡༩ གི་ སྙན་ཞུ་ཨིན་པས།
ཨིན་རུང་ ཟླཝ་༢ ཀྱི་ནང་འཁོད་ལུ་ རྫོང་ཁག་༡༨ ནང་ ནད་གཞི་ཁྱབ་སྤེལ་སོང་རུང་ ད་ལྟོ་ཚུན་ ལྷུན་རྩེ་དང་ བུམ་ཐང་་རྫོང་ཁག་༢ ནང་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་མིན་འདུག།
ད་ཚུན་གྱི་བར་ན་ ཌེང་གི་ནད་ལུ་བརྟེན་ མི་༤ ལུ་ ཤི་རྐྱེན་བྱུང་མི་ལས་ སྐྱེས་ལོ་༨༥ ལང་མི་ ཨང་རྒས་དང་ སྐྱེས་ལོ་༦ ལང་མི་ བུམོ་༡ དོན་ཧིང་ལུ་ ཐོ་ཕོག་ཡོདཔ་ཨིན་པས།
དེ་ལས་ སློབ་གྲྭ་༡༥ གི་ནང་ ཚ་རིམས་ཀྱི་ནད་གཞི་ ལན་ཐེངས་༡༧ ཐོབ་པའི་སྐབས་ མི་༡,༦༦༨ ཀྱིས་ ཐོ་བཀོད་འབད་ཡོདཔ་ད་ ཌེང་གི་ཐེངས་༢ དང་ སྤོ་རོ་དཀར་ཅུང་ཐེངས་༢ ཕོཝ་ནད་དང་ མིག་ནད་ ཟ་ལྟབ་འབོ་ནིའི་ནད་ཚུ་ སློབ་གྲྭ་ཁག་ཚུ་ནང་ ཁྱབ་སྤེལ་སོང་ཡོདཔ་སྦེ་ཨིན་པས།
ཌེང་གི་ཐོབ་པའི་ ནད་རྟགས་དེ་ཡང་ མགུ་ཏོ་ན་ནི་དང་ དྲོད་འབར་ནི་ གྱང་ཤུགས་རྐྱབ་དོ་ཡོདཔ་ད་ ནད་དེ་ཡང་ ནད་གཞི་ཡོད་མི་ གཟན་དོམ་གྱིས་ སོ་བཏབ་མི་ལུ་བརྟེན་ ཐོབ་དོ་ཡོདཔ་ཨིན་པས།
གཟན་དོམ་ཚུ་ཡང་ ཁྱིམ་གྱི་མཐའ་སྐོར་དང་ ཆུའི་གཡུར་བ་ ཆུ་རྫིང་ ཧོད་སྟོངམ་ཚུ་ནང་ ཆུ་ཡོད་མི་ལས་ དར་ཁྱབ་འགྱོ་དོ་ཡོདཔ་ད་ ནད་གཞི་ཐོབ་མི་ མང་ཤོས་ར་ ཁྱིམ་མཐའ་སྐོར་ལུ་ གཙང་སྦྲ་དང་ལྡནམ་སྦེ་ མ་བཞག་མི་དང་ གཟན་དོམ་གྱི་ སིང་རས་ཚུ་ ལག་ལེན་མ་འཐབ་མི་ལུ་བརྟེན་ཨིན་ཟེར་བཀོད་ནུག།
ནད་གཞི་ཁྱབ་སྤེལ་ལས་ བཀག་ནི་དང་ གལ་སྲིད་ ཐོབ་ཡོད་པ་ཅིན་ ནད་གཞིའི་གནས་སྟངས་ཚུ་ ཧ་གོ་ཞིནམ་ལས་ དེ་འཕྲོ་ལས་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ བརྟག་དཔྱད་དང་ སྨན་བཅོས་འབད་བར་ འགྱོ་དགོཔ་སྦེ་ གསོ་བའི་ལས་བྱེདཔ་ཚུ་གིས་ སྣུམ་འཁོར་ནང་ རྒྱུན་འགྲུལ་འབད་མི་དང་ ཁྲོམ་ཁར་ དེ་ལས་ གྲོང་གསེབ་གཡུས་ ཚན་དང་ སློབ་གྲྭ་ཚུ་ནང་ མི་ཚུ་ལུ་ གོ་བརྡ་སྤྲོད་ནུག།
དེ་བཟུམ་སྦེ་ མཉམ་འབྲེལ་འབད་དེ་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ གོ་བ་སྤྲོད་ཡོདཔ་མ་ཚད་ མི་སྡེ་བརྡ་བརྒྱུད་དང་ རྒྱང་བསྒྲགས་/རྒྱང་མཐོང་ཐོག་ལས་ གོ་བ་སྤྲོད་ཅི་ཟེ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ཌོག་ཊར་དང་ སྨན་གཡོགམོ་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་ ནད་གཞི་ཐོབ་ཡོད་པའི་ རྫོང་ཁག་དང་ སློབ་གྲྭ་ཚུ་ནང་ བཏང་ཡོདཔ་མ་ཚད་ ཕུན་ཚོགས་གླིང་ལུ་ གྲོས་བསྟུན་ཞལ་འཛོམས་ཚུ་ཡང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *