རྫོང་ཁ་གོང་འཕེལ་ལྷན་ཚོགས་ལུ་ མི་སྟོབས་དང་ མ་དངུལ་ལངམ་མེད་མི་གིས་ གྲུབ་འབྲས་ལུ་གདོང་ལེན།

༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རང་དབང་ཅན་གྱི་ ལས་ཚོགས་༤ གི་ འགོ་འཛིན་ཚུ་དང་གཅིག་ཁར་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ཡི།
མཚན་རྟགས་དེ་ཡང་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ རྒྱལ་ཡོངས་ཨ་ལོ་དང་ ཨམ་སྲུ་ལྷན་ཚོགས་ཀྱི་མདོ་ཆེན་ དེ་ལས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མདོ་ཆེན་ཚུ་དང་གཅིག་ཁར་ བཀོད་ཅི།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ ཚེ་དབང་ནོར་བུ་གིས་ རྩིས་ལོ་༢༠༡༧-༡༨ ཀྱི་ དམིགས་གཏད་ཚུ་གི་སྐོར་ལས་ གསལ་ཞུ་ཕུལཝ་དང་འབྲེལ་ ལྷན་ཚོགས་ནང་ ཁྱད་རིག་དང་ལྡན་པའི་ འགོ་དཔོན་ཚུ་ གོ་སྐབས་ལེགས་ཤོམ་བལྟ་སྟེ་ ཐོན་འགྱོ་དོ་ཡོདཔ་ལས་ མི་སྟོབས་དང་ མ་དངུལ་ལངམ་མེད་པའི་ དཀའ་ངལ་ཚུ་ལུ་བརྟེན་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ གདོང་ལེན་ཅན་ཅིག་ འོང་ནི་བཟུམ་ཡོད་ཟེར་ཞུ་ཡི།
ལྷན་ཚོགས་ཀྱིས་ དམིགས་ཡུལ་ཚུ་ འགྲུབ་ཐབས་ལུ་ རྒྱུན་སྐྱོང་མ་དངུལ་ས་ཡ་༧ དང་ གསར་སྒྲུབ་མ་དངུལ་ས་ཡ་༩ དགོཔ་སྦེ་ དངུལ་རྩིས་ལྷན་ཁག་ལུ་ གྲོས་འཆར་བཙུགས་ཡོད་རུང་ རྒྱུན་སྐྱོང་མ་དངུལ་ དངུལ་ཀྲམ་ས་ཡ་༦.༦ དང་ གསར་སྒྲུབ་མ་དངུལ་ས་ཡ་༧.༧ རྐྱངམ་གཅིག་ གནང་བ་གྲུབ་ཡོད་ལས་ གྲུབ་འབྲས་བཏོན་ནི་ལུ་ ལཱ་ཁག་འོང་ནི་མས་ཟེར་ དྲུང་ཆེན་གྱིས་ གསལ་ཞུ་ཕུལ་ཡི།
ཨིན་རུང་ དྲུང་ཆེན་གྱིས་ མི་སྟོབས་དང་ མ་དངུལ་དང་འཁྲིལ་ ལྷན་ཚོགས་ཀྱིས་ གྲུབ་འབྲས་བརྒྱ་ཆ་༩༧ བཏོན་ཚུགས་པའི་ ཁས་ལེན་ཕུལ་ཡི།
འབྲུག་འདི་ ཁ་སྐད་ཀྱིས་ཕྱུག་པའི་ རྒྱལ་ཁབ་ཨིནམ་ལས་ རྒྱལ་ཁབ་ནང་ ཁ་སྐད་ཡོངས་བསྡོམས་༡༩ ཡོད་ས་ལས་ སྤྱི་ལོ་༡༩༧༡ ལོ་ལུ་ འབྲུག་རྒྱལ་ཁབ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་འབདཝ་ད་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྫོང་ཁ་དེ་ རྒྱལ་ཡོངས་ཀྱི་ སྐད་ཡིག་སྦེ་ གསལ་བསྒྲགས་མཛད་གནང་ནུག་ཟེར་ དྲུང་ཆེན་གྱིས་ དྲན་གསོ་ཞུ་ཡི།
རྫོང་ཁ་དེ་ དཔལ་ལྡན་འབྲུག་པའི་ངོ་རྟགས་ མཐུན་མོང་མ་ཡིན་པའི་ རྒྱལ་ཡོངས་སྐག་ཡིག་ཅིག་ཨིནམ་མ་ཚད་ ལམ་སྲོལ་དང་རིག་གཞུང་གི་ སྲོག་ཤིང་ཡང་ཨིནམ་ལས་ རྫོང་ཁ་དར་ཁྱབ་གཏང་ནི་དེ་ འབྲུག་མི་ཡོངས་ཀྱི་ འགན་ཁུར་ཨིན་ཟེར་ཞུ་ཡི།
རྩིས་ལོ་༢༠༡༧-༡༨ ཀྱི་ དམིགས་ཡུལ་དང་ ལས་རིམ་ཚུ་གི་གྲངས་སུ་ རྫོང་ཁ་ཞིབ་འཚོལ་དང་ དར་ཁྱབ་གཏང་ནིའི་དོན་ལུ་ རྫོང་ཁག་ཚུ་ནང་ རྫོང་ཁའི་ངག་གཤིས་ཞིབ་འཚོལ་འབད་ནི་དང་ རྫོང་ཁའི་དུས་དེབ་པར་སྐྲུན་འབད་ནི་ རྫོང་ཁ་ལག་ལེན་ལྟ་རྟོག་དང་ གོ་བསྡུར་ཞལ་འཛོམས་འགོ་འདྲེན་འཐབ་ནི་ རྫོང་ཁའི་སློབ་སྟོན་ལས་རིམ་བཟོ་སྟེ་ མི་སྡེ་བརྡ་བརྒྱུད་ཡུ་ཊུབ་ལ་སོགས་པ་ནང་བཙུགས་ནི་ དུས་མཐུན་གྱི་ གློག་བརྙན་ཚུ་ རྒྱང་བསྒྲགས་ཐོག་ལས་ གསལ་སྟོན་འབད་ནི་ཚུ་ ཚུད་དེ་འདུག།
དེ་བཟུམ་སྦེ་ རྫོང་ཁ་ཚད་ལྡན་དང་ རྒྱ་བསྐྱེད་གཏང་ནིའི་དོན་ལུ་ རྫོང་ཁ་དང་ ཨིང་ལིཤ་ཤན་སྦྱར་གྱི་ བརྡ་དོན་འཕྲུལ་རིག་གི་ མིང་ཚིག་ཚུ་ ཞུན་དག་འབད་དེ་ པར་སྐྲུན་འབད་ནི་དང་ ཚིག་མཛོད་ལེགས་བཅོས་འབད་ནི་ཚུ་ཡང་ འཆར་གཞིའི་ནང་ཚུད་ནུག།
རྩོམ་རིག་གོང་འཕེལ་གཏང་ནི་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ བཙག་འཐུ་ལྷན་ཚོགས་ལ་སོགས་པ་ཚུ་གིས་ རྫོང་ཁག་དང་ རྒེད་འོག་དང་ སྤྱི་འོག་གི་མིང་ཚུ་ ཞིབ་འཚོལ་འབད་དེ་ གཏན་འཁེལ་བཟོ་དགོཔ་སྦེ་ གྲོས་འདེབས་བཀོདཔ་བཞིན་དུ་ གཏན་འཁེལ་བཟོ་ནི་གི་ ལས་རིམ་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་པས།
མི་མང་གི་ ཞབས་ཏོག་ཕུལ་ནིའི་དོན་ལུ་ ལྷན་ཚོགས་ཀྱི་ ཡིག་ཚང་ནང་ རེས་གཟའ་ཕུར་བུ་དང་ སྤེན་པ་ལུ་ ཨ་རྟག་ར་ ཕྱིའི་ལས་སྡེ་ཚུ་ལུ་ རྫོང་ཁའི་ཞབས་ཏོག་ དཔེར་ན་ སྐད་སྒྱུར་འབད་ནི་དང་ མིང་ཚིག་གསརཔ་བཟོ་ནི་ ཡིག་སྡེབ་ནོར་བཅོས་འབད་ནི་ བརྡ་བྱང་ཚུ་ གཏན་འཁེལ་བཟོ་ནི་ལུ་ རྒྱབ་སྐྱོར་ཕུལ་འོང་ཟེར་ དྲུང་ཆེན་ཚེ་དབང་ནོར་བུ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *