རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ལུ་ གཟེངས་བསྟོད་ཀྱི་ ཕྱག་ཡིག་གནང་ཡོདཔ།

༉ བུམ་ཐང་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བསངས་མཆོད་དང་བཅས་ གྲོལ་གནང་ཡི།
བསངས་མཆོད་གནང་དགོ་མི་དེ་ཡང་ མཁན་པོ་རྟ་མགྲིན་སྲི་ཐུབ་ཀྱིས་ སླབ་མིའི་ནང་ ལྷ་འདྲེ་མི་༣ གྱི་ འཁོན་འཛིན་ཕྲག་དོག་དང་ གཙང་བཙོག་ངན་པ་སེལ་ཐབས་འབད་ནི་ དེ་ལས་ རྐྱེན་ངན་བར་ཆད་སེལ་ནི་དང་ ས་གནས་ཀྱི་ གནས་བདག་གཞི་བདག་ཚུ་ ལས་ལུ་བཀོད་ནི་དང་ ཚེ་སྲོག་སྲ་ཞིང་བརྟན་པའི་ཐབས་ལུ་ཨིན་ཟེར་ཨིན་པས།
བདུན་ཕྲག་༡ གི་རིང་གནང་མི་ སྨོན་ལམ་ཆེན་མོའི་སྐབས་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ མི་མང་ལུ་ སངས་རྒྱས་སྨན་བླའི་ དབང་གནང་ཡི།
ཁ་ཙ་ སྨོན་ལམ་ཆེན་མོ་ གྲོལ་གནངམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་སངས་རྒྱས་རྡོ་རྗེ་ལུ་ སྐྱབས་རྗེ་མཆོག་གིས་ རྒྱལ་ཁབ་ནང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་བཏང་པའི་ ངོས་འཛིན་ལུ་ གཟེངས་བསྟོད་ཀྱི་ ཕྱག་ཡིག་གནང་ཡི།

དྲགོས་སངས་རྒྱས་རྡོ་རྗེ།
དགུང་ལོ་༧༤ བཞེས་མི་ དྲགོས་སངས་རྒྱས་རྡོ་རྗེ་དེ་ བུམ་ཐང་རྫོང་ཁག་ སྟང་ཆུ་སྟོད་ལས་ཨིནམ་ད་ ཁོ་གིས་ སྤྱི་ལོ་༡༩༨༦ ལས་༢༠༡༣ ཚུན་ ལོ་ངོ་༢༧ གྱི་རིང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་དང་པ་སྦེ་  ཕྱག་ཞུ་ཡོདཔ་ཨིན་པས།
དྲགོས་སངས་རྒྱས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུ་ཡིག་ཚང་གི་ དྲུང་ཆེན་དང་པ་སྦེ་ སྤྱི་ལོ་༡༩༦༨ ལས་༡༩༨༦ ཚུན་ ཕྱག་ཞུ་ཡོདཔ་ཨིན་པས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ ཕྱག་ཞུ་བའི་སྐབས་ དྲགོས་སངས་རྒྱས་རྡོ་རྗེ་གིས་ འགོ་ཁྲིད་ཐོག་ སྤྱི་ལོ་༡༩༩༠ ལུ་ རྫོང་ཁ་བརྡ་གཞུང་དང་ སྤྱི་ལོ་༡༩༩༦ ལུ་ རྫོང་ཁའི་ཚིག་མཛོད་ དེ་ལས་ སྤྱི་ལོ་༢༠༠༦ ལུ་ ཨིང་ལིཤ་རྫོང་ཁ་ཤན་སྦྱར་ཚིག་མཛོད་གསར་རྩོམ་འབད་ཡོདཔ་ཨིན་པས།
 དྲགོས་སངས་རྒྱས་རྡོ་རྗེ་ལུ་ དཔོན་གཉིས་སྐལ་མའི་ གོ་གནས་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༩༩ ལུ་ མི་དབང་མཆོག་ གསེར་ཁྲིར་ཕེབས་ཏེ་ མི་ལོ་༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་ གནང་ཡོདཔ་ཨིན་པས།
དྲགོས་སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ བུམ་ཐང་རྫོང་ཁག་གི་ སྨོན་ལམ་ཆེན་མོ་དང་འབྲེལ་ ཁོ་ལུ་ གཟེངས་བསྟོད་ཀྱི་ངོས་འཛིན་ ཐུགས་སྨོན་དང་བཅསཔ་སྦེ་གནང་མི་ལུ་ བཀྲིན་དགའ་ཚོར་དང་ དགའ་བ་སྦོམ་བྱུང་ཡི་ཟེར་ཨིན་པས།
འབྲུག་འདི་ སྤྱི་ལོ་༡༩༧༡ ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མིའི་གྲངས་སུ་ འཛུལ་ཞིནམ་ལས་ འབྲུག་པའི་ངོ་རྟགས་ གསལ་སྟོན་འབད་དགོ་པའི་གྲས་ལས་ གཙོ་ཆེ་ཤོས་དེ་ར་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ཨིནམ་བཞིན་དུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པའི་སྐབས་ལས་ར་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ ཕྱག་ལཱ་མཛད་གནང་ཡི་ཟེར་ དྲགོས་སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༨༦ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ གཞི་བཙུགས་གནང་པའི་སྐབས་ དྲུང་ཆེན་དང་པ་ དྲགོས་སངས་རྒྱས་རྡོ་རྗེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ རྫོང་ཁ་སྐད་ཡིག་དང་འཁྲིལ་བའི་ བརྡ་སྤྲོད་དང་ མིང་ཚིག་དང་བསྟུན་པའི་ ཚིག་མཛོད་གོང་འཕེལ་གཏང་དགོཔ་ཡོདཔ་ལས་ དང་པ་ སུམ་རྟགས་དང་ དོ་འགྲན་འབད་ཚུགས་པའི་ རྫོང་ཁ་བརྡ་གཞུང་གསརཔ་ རྩོམ་སྒྲིག་འབད་ཡི་ཟེར་ཨིན་པས།
རྫོང་ཁ་ནང་ཡོད་པའི་ མིང་ཚིག་ག་ར་ རྫོང་ཁའི་ཚིག་མཛོད་དང་ རྫོང་ཁ་དང་ ཨིང་སྐད་ཤན་སྦྱར་ཚིག་མཛོད་ ཧེ་མ་མེད་མི་ཚུ་ གསར་རྩོམ་འབད་ཡོདཔ་ཨིན་པས།
དྲགོས་སངས་རྒྱས་རྡོ་རྗེ་གིས་ སླབ་མའི་ནང་ སློབ་གྲྭ་ཚུ་ནང་ རྫོང་ཁ་སྐད་ཡིག་ སྐྱབས་འཛིན་འབད་ནིའི་དོན་ལུ་ སློབ་གྲྭ་དང་ གཞི་རྟེན་ཤེས་ཡོན་གྱི་དོན་ལུ་ དཔེ་དེབ་ཚུ་ གསར་རྩོམ་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ཁྲིམས་ཡིག་དང་ བཅའ་ཁྲིམས་རྩོམ་སྒྲིག་འབད་ནིའི་ནང་ ཕྱག་ཞུ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ སྒྲིག་ལམ་རྣམ་གཞག་གི་དཔེ་དེབ་ རྒྱལ་རབས་དང་རྣམ་ཐར་ མང་རབས་ཅིག་ རྩོམ་སྒྲིག་འབད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *