དབང་མོ་དང་ མོ་རའི་ཆ་རོགས་ཚུ་གིས་ སྤ་རོ་ལྕང་མནྡལ་ལུ་ འབྱའི་ལྕང་སོན་བཙུགས་པའི་བསྒང་།

རྫས་སྦྱོར་མེད་པའི་ འབྱ་འཛུགས་སྐྱོང་གི་དམིགས་གཏད་ སྤྱི་ལོ་༢༠༣༥ ཚུན་ཕར་འགྱངས།

༉ འབྲུག་གིས་ སྤྱི་ལོ་༢༠༠༨ ལུ་ སྤྱི་ལོ་༢༠༢༠ ལས་ རྫས་སྦྱོར་ལག་ལེན་མེད་པའི་ སོ་ནམ་ཐོན་སྐྱེད་འབད་ནིའི་ ཁས་བླངས་འབད་ཡོད་རུང་ ཁས་བླངས་དེ་ འགྲུབ་ནི་ལུ་ དུས་ཚོད་འགོར་ནི་མས་ཟེར་ སོ་ནམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ད་རེས་ནངས་པར་ སྤ་རོ་ལུང་གཤོང་ནང་ འབྱ་ལཱ་འགོ་བཙུགས་ཡོདཔ་ལས་ འཕྲུལ་ཆས་ལག་ལེན་འཐབ་མི་དང་ གཡུར་མའི་སྨན་རྫས་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ ལཱ་གི་དུས་ཚོད་ མར་བབས་སོང་སྟེ་ཡོདཔ་ཨིན་པས།

འབྱ་འཛུགས་སྐྱོང་འབད་དེ་ ཉིནམ་༣ གྱི་རྒྱབ་ལས་ སོ་ནམ་པ་ཚུ་གིས་ གཡུར་མ་མེདཔ་བཟོ་ནིའི་དོན་ལུ་ སྨན་གཏོར་ནི་ཨིནམ་ད་ སོ་ནམ་པ་ དབང་མོ་གིས་ འབྱ་ལེགས་ཤོམ་སྦེ་ མ་སྐྱེས་བ་ཅིན་ སྨན་ལུད་ཡུ་རི་ཡ་ཟེར་མི་དེ་ གཏོར་ནི་ཡོད་ཟེར་ བཤདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སྨན་རྫས་ཚུ་ ཚད་འཛིན་འབད་ནིའི་ དཔའ་བཅམ་ཨིན་རུང་ དེ་ཚུ་ མ་འབད་བ་ཅིན་ ལཱ་མང་བའི་ཁར་ ཟད་འགྲོ་ཡང་ ལྕི་བས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཧེ་མ་བཟུམ་སྦེ་མེན་པར་ ལས་མི་འཐོབ་ནི་ལུ་ཡང་ ལཱ་ཁག་ཡོདཔ་ལས་ གཡུར་མའི་སྨན་དེ་གིས་ ལེ་ཤ་གིས་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།

ཧེ་མ་ མི་༢༠ གིས་ ལཱ་འབད་དགོ་མི་དེ་ ད་རེས་ མི་༥ གིས་ མཇུག་བསྡུ་ཚུགས་ཟེར་ དབང་མོ་གིས་ བཤད་ཡོདཔ་ད་ སྤ་རོ་རྫོང་ཁག་སོ་ནམ་འགོ་དཔོན་ རྟ་མགྲིན་གྱིས་ སླབ་མིའི་ནང་ རྫོང་ཁག་གིས་ བརྒྱ་ཆ་ལས་བརྒྱ་སྦེ་ར་ སྨན་རྫས་མ་བླུགས་པར་ འཛུགས་སྐྱོང་འབད་ནིའི་ ཁས་བླངས་འབད་ཡོད་རུང་ ད་རེས་འབདཝ་ད་ འབད་མི་ཚུགས་ནི་བཟུམ་འདུག་ཟེར་ཨིན་པས།

ཁོ་གིས་ སྤ་རོ་ལུང་གཤོང་དག་ འབྱ་ལཱ་འབད་མི་བརྒྱ་ཆ་༩༠ གིས་ སྨན་རྫས་ཚུ་ ལག་ལེན་འཐབ་ནི་འདུག་ཟེར་ བཤད་པའི་ཁར་ ལས་མི་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ རྒེད་འོག་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ཡང་ སོ་ནམ་པའི་ དགོས་མཁོ་དང་འཁྲིལ་ སྨན་རྫས་ཚུ་ བཀྲམ་སྤེལ་འབད་དོ་ཟེར་ བཤདཔ་ཨིན་པས།

རྟ་མགྲིན་གྱིས་ བཤད་མིའི་ནང་ སྨན་རྫས་དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་རུང་ དེ་གིས་ སའི་བཅུད་དང་ རྫས་སྦྱོར་མེད་པར་ རང་བཞིན་གྱིས་སྨིན་པའི་ ཐོན་སྐྱེད་འབད་ནིའི་ དམིགས་གཏད་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།

དཔེ་འབད་བ་ཅིན་ སྨན་རྫས་ཚུ་ བླུགས་པའི་སྐབས་ སའི་བཅུག་བཟོ་མི་དང་ ས་བརྟན་ཏོག་ཏོ་སྦེ་བཞག་མི་ ལྕོང་འབུབ་ཚུ་ ཤིཝ་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།

སྤ་རོ་ལུ་ རྫས་སྦྱོར་མ་བླུགས་པར་ འབྱ་ལཱ་འབད་མི་ ཁྱིམ་གུང་པ་༡༦ ཡོད་མི་ལས་༡ ཀུན་ལེགས་དབང་མོ་ཨིནམ་ད་ མོ་གིས་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ས་ཞིང་ཨེ་ཀར་ཅིག་ནང་ རྫས་སྦྱོར་མ་བླུགས་པར་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

མོ་ལུ་ གདོང་ལེན་ལེ་ཤ་ཡོད་རུང་ ད་རེས་ འཕྲོ་མཐུད་དེ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ མ་གཞི་ ཁེ་སང་མེད་རུང་ མོ་གིས་ ཞིང་གཞན་ཚུ་ནང་ཡང་ རྫས་སྦྱོར་མ་བླུགས་པར་ འཛུགས་སྐྱོང་འབད་ནི་ཟེར་ བཤདཔ་ཨིན་པས།

ནད་ཡམས་ཀྱི་ཧེ་མར་ ཀུན་ལེགས་དབང་མོ་གིས་ རྫས་སྦྱོར་མ་བླུགས་པའི་ཆུམ་ཚུ་ ཚོང་ཁང་སྦོམ་ཚུ་ནང་ སྤྱིར་བཏང་གོང་ཚད་ལས་ གསུམ་ལྟབ་ཀྱིས་མཐོཝ་སྦེ་ བཙོང་ཡོད་རུང་ ད་རེས་ ཉོ་མི་དེ་ཅིག་མེདཔ་ལས་ སྤྱིར་བཏང་གི་ གོང་ཚད་ནང་ར་ བཙོང་ དོ་ཟེར་ སླབ་ཨིན་པས།

མོ་གིས་འབད་བ་ཅིན་ ཆུ་བགོ་བཤའ་རྐྱབ་དགོཔ་ལས་ ཆུ་རྐའི་ཉེ་འདབས་ལུ་ཡོད་མི་ སའི་ཇོ་བདག་ཚུ་གིས་རྐྱངམ་གཅིག་ རྫས་སྦྱོར་མ་བླུགས་པར་ འཛུགས་སྐྱོང་འབད་ཚུགས་པས་ཟེར་ཨིན་པས།

ཨིན་རུང་ འབྲུག་གིས་ རྫས་སྦྱོར་མ་བླུགས་པར་ འཛུགས་སྐྱོང་འབད་ནིའི་སྲིད་བྱུས་དེ་ སྤྱི་ལོ་༢༠༣༥ ཚུན་ ཕར་འགྱངས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *