བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོ་མི་ ཟངས་མདོག་དཔལ་རི་ལྷ་ཁང་།

རྩོད་རྩ་འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢༧ ལྷགཔ་ཅིག་ སྤྲོད་དགོ་པའི་འཁྲུན་ཆོད།

༉ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ བསམ་གྲུབ་ལྗོངས་མཁར་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མིའི་ནང་ འཕྲིན་ལས་རྡོ་རྗེ་གིས་ ཟླཝ་༢ ཀྱི་ནང་འཁོད་ལུ་ ས་ཆ་ཨང་༡༡༧ དང་ དེ་ནང་ཚུད་པའི་ ཟངས་མདོག་དཔལ་རི་ སྐུ་རྟེན་ མཆོད་ཆས་ཀྱི་རིགས་ དེ་ལས་ ཉེ་འདབས་ལུ་ཡོད་མི་ སྒྲིང་ཁྱིམ་༢ ཀྱི་བདག་དབང་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ལུ་ སྤྲོད་དགོཔ་སྦེ་ཨིན་པས།

དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ཡང་ རྩོད་རྩ་འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢༧ ལྷགཔ་ཅིག་ དུས་ཡུན་ཟླཝ་༢ ཀྱི་ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ཨིན་པས།

ཁྲོམ་སྡེ་གིས་ འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་སྤྲོད་དགོ་མི་དེ་ཡང་ འཕྲིན་ལས་རྡོ་རྗེ་གིས་ ཟངས་མདོག་དཔལ་རིའི་ ལས་སྣ་དང་ ལོ་བསྟར་སྒྲུབ་ཆེན་ཚུ་ནང་ ཟད་འགྲོ་བཏང་མི་ཟད་རྩིས་ གཞུང་ལུ་ས་ཁྲལ་ཕུལ་མི་ ཟངས་མདོག་དཔལ་རི་དང་ ཉེ་འདབས་ཀྱི་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་༢ རྐྱབ་པའི་ ཟད་རྩིས་ཚུ་ ལོག་འཐོབ་དགོ་པའི་ ཞུ་བ་འབད་མི་དང་བསྟུན་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ཟངས་མདོག་དཔལ་རིའི་ ཉེ་འདབས་ལུ་ སྒྲིང་ཁྱིམ་༢ རྐྱབ་ཡོད་པའི་ ཟད་རྩིས་ཀྱི་ཐད་ཁར་ ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ སྒྲིང་ཁྱིམ་༢ ཀྱི་ཁང་གླ་ཚུ་ ད་ལྟོ་ཚུན་ རྩོད་རྩ་འཕྲིན་ལས་རྡོ་རྗེ་ ཁོ་ར་གིས་ ལེན་ཡོདཔ་ལས་ འགབ་ཚུགས་པའི་ འོས་འབབ་ཡོདཔ་ལས་ ཁྲོམ་སྡེ་གིས་ སྤྲོད་མ་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།

འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཕྲིན་ལས་རྡོ་རྗེ་གིས་ རྒྱུ་སྦུང་ག་ཅི་ལས་འབད་རུང་ དཀའཝ་སྤྱད་དེ་ ནང་རྟེན་དང་བཅས་བསྒྲུབས་མི་ ཟངས་མདོག་དཔལ་རི་དེ་ གཞུང་ལུ་རྩིས་ཕུལ་ནི་དང་ དཀོན་གཉེར་གྱི་སྡོད་ཁྱིམ་ གཡས་གཡོན་གྱི་ སྒོ་ར་སྒོ་ ཕྱིའི་ལྕགས་རི་ལ་སོགས་པ་ཚུ་ མ་སྒྲུབ་ལས་ དེ་ཚུ་བསྒྲུབ་པའི་ཤུལ་ལས་ གཞུང་ལུ་ རྩིས་ཕུལ་ནི་ལུ་ སྟབས་བདེ་ནི་ཨིནམ་ལས་ གཞུང་གིས་ཡང་ ལེན་ཐབས་མཛད་འོང་ཟེར་ དམིགས་བསལ་བཀའ་འཛིན་ཚོགས་པའི་ གནང་བའི་བཀའ་རྒྱ་ནང་ བཀོད་ཡོདཔ་མ་གཏོགས་ འཕྲིན་ལས་རྡོ་རྗེ་ལུ་ ས་ཆའི་བདག་དབང་སྤྲོད་ཡོད་པའི་ ཚིག་དོན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

ཨིན་རུང་ སྤྱི་ལོ་༡༩༨༦ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་བདག་ ཁྲོམ་སྡེའི་ཁྲི་འཛིན་སྦེ་ སྡོད་པའི་སྐབས་ ས་ཆ་ཨང་༡༡༧ ཅན་མའི་ བདག་དབང་ཡོད་པའི་ ལག་ཁྱེར་གནང་ཡོད་རུང་ ས་ཆའི་ཐད་ཁར་ མི་དབང་མངའ་ཞབས་མཆོག་གིས་ བཀའ་ཤོག་གནང་མིའི་རིགས་མ་གཏོགས་ དཔོན་ཁག་གཞན་ལ་སོགས་པ་ཚུ་གིས་ གནང་ཡོད་མི་ཚུ་ ཆ་མེད་བཏང་ཐོག་ལས་ གཞུང་བཞེས་འབད་དགོཔ་སྦེ་ཡོད་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

འཕྲིན་ལས་རྡོ་རྗེ་གིས་ རྩོད་རྙོགས་དང་འབྲེལ་བའི་ ས་ཆ་དེ་ ཁོ་གིས་ བཟའ་སྤྱོད་འབད་དེ་ ལོ་༣༠ ལྷག་ཙམ་ སོང་ཡོདཔ་བཞིན་དུ་ བཟའ་སྤྱོད་འབད་བའི་སྐབས་ གཞུང་དམངས་སྒེར་གྱི་ཁ་ཐུག་ལས་ ཉོགས་བཤད་བཀོད་མི་ མ་ཐོནམ་ལས་ སྤྱི་ལོ་༡༩༧༩ ལོའི་ སའི་བཅའ་ཁྲིམས་ཀྱི་ དགོངས་དོན་དང་འཁྲིལ་ ད་ལྟོ་འབད་རུང་ ཉོགས་བཤད་བཀོད་མི་ཆོག་པའི་ཁར་ སྤྱི་ལོ་༡༩༧༨ ལོ་ལུ་ ནང་སྲིད་སྐྱིད་སྡུག་བློན་པོའི་བཀའ་བཞིན་ བཟའ་སྤྱོད་འབད་ཡོད་པའི་ ཕ་གཞིས་ཨིན་ཟེར་ ཞུ་ཡོདཔ་ཨིན་པས།

དེ་ལུ་ རྩོད་ཟླ་ཁྲོམ་སྡེ་གིས་ མི་ངོ་ཅིག་གིས་ ཉོགས་བཤད་མེད་པར་ དུས་ཡུན་རིངམོ་སྦེ་ བཟའ་སྤྱོད་འབད་བའི་ གཞི་རྩ་ཅན་མ་དེ་ སྒེར་གྱི་ས་ཆ་རྐྱངམ་གཅིག་ལུ་ འགབ་ཚུགས་ནི་ཨིནམ་ལས་ གཞི་རྩ་དེ་ལག་ལེན་འཐབ་སྟེ་ འབྲུག་རྒྱལ་ཁབ་ནང་དང་ རྒྱལ་ཁབ་ག་ཏེ་ཡང་ མི་ངོ་ཚུ་ལུ་ གཞུང་ས་ཐོབ་ཡོད་པའི་ དཔེ་མེད་ཟེར་ ཞུ་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ས་ཁྲམ་གྱི་ཐད་ཁར་ ཁྲིམས་འདུན་གྱིས་ དབྱེ་ཞིབ་མཛད་པའི་སྐབས་ ཟངས་མདོག་དཔལ་རིའི་ བདག་འཛིན་པ་ འཕྲིན་ལས་རྡོ་རྗེ་ཟེར་ བཀོད་ཡོད་པའི་ཁར་ འཕྲིན་ལས་རྡོ་རྗེ་ལུ་ ས་ཆ་དེའི་ བདག་སྤྲོད་ཡོད་པའི་ སྒྲུབ་བྱེད་ཕུལ་ནི་མེདཔ་ལས་ ཁོ་གིས་ བདག་འཛིན་པ་འབད་དེ་ ས་ཁྲལ་སྤྲོད་ཡོདཔ་མ་གཏོགས་ སའི་ཇོ་བདག་གི་ བདག་དབང་ལེན་ཏེ་ ས་ཁྲལ་བཏབ་ཡོད་པའི་ སྒྲུབ་བྱེད་མ་བྱུངམ་ལས་ བསྟར་སྤྱོད་འབད་ཐབས་ མིན་འདུག་ཟེར་ཨིན་པས།

རྩོད་དོན་དེ་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ས་ཆ་ཨང་༡༡༧ ཅན་མ་དེ་ གཞུང་ས་ཨིནམ་ལས་ ཁྲོམ་སྡེ་གིས་ རྩིས་ལེན་དགོ་པའི་ བཀོད་རྒྱ་བྱིན་མི་དང་འཁྲིལ་ ཁྲོམ་སྡེ་གིས་ འཕྲིན་ལས་རྡོ་རྗེ་ལུ་ དུས་ཡུན་ཟླཝ་༡ ནང་འཁོད་ལུ་ རྩིས་སྤྲོད་དགོ་པའི་ དུས་ཚོད་བྱིན་མི་ལུ་བརྟེན་ གནད་དོན་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ཨིན་པས།

འཁྲུན་ཆོད་དེ་ལུ་ རྩ་ཕན་ག་གི་ཁ་ཐུག་ལས་འབད་རུང་ ཁེ་རྒུད་མ་བཏུབ་པ་ཅིན་ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་པའི་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *