རྩོད་ཟླ་དཔལ་འབྱོར་གྱིས་ ཤུལ་མའི་ཟླཝ་ནང་ སྐུར་འདེབས་ཀྱི་ བརྒལ་ལན་ཕུལ་ནི།

༉ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ ཉེས་རྩོད་ཁྲིམས་ཁྲི་༢ པའི་ནང་ རྩོད་ཟླ་དཔལ་འབྱོར་ལུ་ སྐུར་འདེབས་དང་འབྲེལ་བའི་ ཉེས་འཛུགས་ཀྱི་ སྙན་གསན་དང་པ་འབད་བའི་སྐབས་ ཁྲིམས་སྲུང་འགག་སྡེའི་ རྩོད་བཤེར་ངོ་ཚབ་ཀྱིས་ ཉེས་འཛུགས་འབད་དགོ་པའི་ གནད་དོན་ཚུ་ གསལ་ཞུ་ཕུལ་ནུག།

འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ རྒྱབ་སྐྱོར་ལས་གཡོགཔ་ཚུ་ གསར་བཙུགས་འབདཝ་ད་ ཡིག་ཚང་བྱ་སྒོ་ལོག་སྤྱོད་འབད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཁང་གི་ འགོ་དཔོན་ཚུ་ལུ་ ཉེས་འཛུགས་མ་འབད་བས་ཟེར་ དཔལ་འབྱོར་གྱིས་ སྐྱོན་བརྗོད་འབད་དེ་ སྐུར་འདེབས་འབད་ནུག་ཟེར་ ཁྲིམས་སྲུང་འགག་སྡེའི་ ངོ་ཚབ་ཀྱིས་ ཞུ་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་ དཔལ་འབྱོར་གྱིས་འབད་བ་ཅིན་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བཀོད་ཁྱབ་འཛིན་སྐྱོང་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་ལས་སྙན་ཞུ་འབད་བའི་སྐོར་ལས་དང་ ཡིག་ཚང་གི་ བྱ་སྤྱོད་ངན་པ་འབད་ཡོད་མི་ལུ་ འགོ་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་བཀལ་དགོཔ་ཨིན་ཟེར་ཨིན་པས།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ ཁ་མཐུན་ཐོག་ བཀོད་ཁྱབ་འཛིན་སྐྱོང་ཚོགས་ཆུང་གི་ འཐུས་མི་ཚུ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་མ་འབད་མི་ལུ་བརྟེན་ ཆེད་དམིགས་ཐོག་ལས་ ཁོ་རའི་མིང་ དཔལ་འབྱོར་དཔལ་འབྱོར་ཟེར་ འཁོད་དེ་ཡོད་པའི་ མི་སྡེ་བརྡ་བརྒྱུད་ནང་ ཨིང་སྐད་ཐོག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྐུར་འདེབས་ཞུ་ནུག་ཟེར་ འགག་སྡེའི་ངོ་ཚབ་ཀྱིས་ཞུ་ནུག།

འགག་སྡེའི་ངོ་ཚབ་ཀྱིས་འབད་བ་ཅིན་ རྩོད་ཟླ་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༢༡ ཟླ་༥ པའི་ཚེས་༤ ལུ་ མ་བདེན་པའི་གཏམ་ངན་ ཁྱབ་སྤེལ་འབད་མི་དེ་གིས་ མི་སྡེ་བརྡ་བརྒྱུད་འཆང་མི་ཡོངས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ དམའ་ཕབ་དང་ རྒྱལ་ཁབ་ཀྱི་ མི་སེར་ཡོངས་ཀྱི་ བློ་གཏད་དང་ ཡིད་ཆེས་མེདཔ་ འགྱོ་ནིའི་ཉེན་ཁ་ དེ་ལས་ ཡིག་ཚང་གི་ མིང་གཏམ་ལུ་ གནོད་པ་བཀལ་ནུག་ཟེར་ཨིན་པས།

དཔལ་འབྱོར་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ གནས་སྟངས་འདྲོག་སི་སི་དང་ ངན་ལྷད་སྦོམ་སྦེ་ འཐབ་དོ་ཡོདཔ་ལས་ འཛམ་གླིང་གི་ མཐོང་སྣང་ལུ་ འབྲུག་འདི་ ཁྲིམས་ལུགས་མེད་པའི་ རྒྱལ་ཁབ་ཅིག་ལུ་ གྱུར་ཡོདཔ་སྦེ་ གསལ་བཀོད་འབད་མི་དེ་ ཁྲིམས་སྲུང་འགག་སྡེའི་ བཤེར་ཡིག་ནང་བཀོད་ནུག།

དེ་འབདཝ་ལས་ རྩོད་ཟླ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྐུར་འདེབས་སམ་ མ་ཉེས་ཁ་གཡོགས་བཀལ་བའི་ རྒུད་འཐུས་དེ་ རྒྱལ་ཡོངས་ལས་མིའི་ གླ་ཆ་ལུ་གཞི་བཞག་སྟེ་ དམའ་ཤོས་ལོ་༡ ལས་ མཐོ་ཤོས་ལོ་༣ ཚུན་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་དགོ་ཟེར་ ཞུ་ཡོདཔ་ཨིན་པས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༡༧ པ་དང་འཁྲིལཝ་ད་ སྐུར་འདེབས་ཀྱི་ གནོད་འགེལ་དེ་ ཉེས་པ་ཡང་ཕྲ་ཨིནམ་བཞིན་དུ་ གལ་སྲིད་ སྐུར་འདེབས་འབད་བའི་ སྒྲུབ་བྱེད་མངོན་གསལ་བྱུང་པ་ཅིན་ ཉེས་པ་ཡང་ཕྲའི་ཁྲིམས་ཚད་ དུས་ཡུན་དམའ་ཤོས་ཟླ་༡ ལས་ མཐོ་ཤོས་ལོ་༡ འོག་རྒྱུ་ བཙོན་ཁྲིམས་ཕོག་ནི་ཨིནམ་ད་ ཉེས་པ་ཡང་ཕྲའི་ གནོད་འགེལ་ལུ་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།

རྩོད་ཟླ་དཔལ་འབྱོར་གྱིས་ ཁྲིམས་སྲུང་འགག་སྡེའི་ ཉེས་འཛུགས་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ བརྒལ་ལན་ཕུལ་ནི་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ དཔལ་འབྱོར་དང་ རྩོད་གཞི་ཕྱེ་ནིའི་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ བཤེར་ཡིག་བཙུགས་མི་དེ་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གཙོ་འཛིན་གྱིས་ སྣ་ཚོགས་སྙན་གསན་འབད་བའི་ཤུལ་ལས་ ཁྲིམས་ཁྲི་༢ པ་ལུ་ རྩོད་བཤེར་གྱི་ འགན་ཁུར་སྤྲོད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ དཔལ་འབྱོར་དེ་ སྐུར་འདེབས་གནད་དོན་ཐོག་ལས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བདུན་ཕྲག་༢ ལྷགཔ་ཅིག་ བཞག་པའི་ཤུལ་ལས་ ཁྲིམས་འདུན་གྱིས་ ཟླཝ་༢ ཀྱི་གློད་གྲོལ་འཐུས་ བཙུགས་བཅུག་སྟེ་ དོ་དམ་འོག་ལས་ བཏང་ཡོདཔ་ཨིན་པས།

དེ་གི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དཔལ་འབྱོར་ལུ་ ཁེང་ལོག་གི་ ཉེས་འཛུགས་ཐོག་ བཤེར་ཡིག་བཙུགས་མི་དེ་ རྫོང་ཁག་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *