རྩོད་ཟླ་༡༠ ལུ་ ཉེས་འཛུགས་ཐོག་ ས་ཆ་ཨེ་ཀར་༤.༧༠ སོར་ཆུད་འབད་དགོ་པའི་ཞུ་བ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ལུ་ ནུབ་སྦིས་རྒེད་འོག་ནང་ རྫོང་བདག་བགྲེསཔ་ ལྷགཔ་རྡོ་རྗེའི་ གནས་ཚང་གིས་ ཟ་ཁང་ངམ་ སྐྱིད་གནས་ཅིག་ བཟོ་སྐྲུན་འབད་ཡོད་སའི་ ས་ཆ་ཨེ་ཀར་༤.༧༠ གཞུང་ལུ་ སོར་ཆུད་འབད་གནང་དགོ་པའི་ ཞུ་བ་འབད་ནུག།

ལྷན་ཚོགས་ཀྱིས་ ས་ཆ་དེ་ སྤྱི་ལོ་༢༠༡༥ ཟླ་༤ པའི་ཚེས་༣ ལས་ ཚོང་འབྲེལ་འཐབ་མ་ཆོག་པའི་ བཀག་འཛིན་འབད་ཡོདཔ་ཨིན་པས།

ད་རུང་ ལྷན་ཚོགས་ཀྱིས་ ས་ཆའི་ཇོ་བདག་ རྒྱལ་མོ་དང་ རྫོང་བདག་བགྲེསཔ་གི་ གནས་ཚང་༢ ཀྱི་བར་ན་ ས་ཆ་ཉོ་བཙོང་འཐབ་མི་དེ་ཡང་ ཆ་མེད་གཏང་དགོཔ་སྦེ་ སྤྱི་ཟླ་༤ པའི་ཚེས་༡༣ དང་༡༦ ལུ་ སྒྲུབ་བྱེད་ཀྱི་ སྙན་གསན་མཛད་པའི་སྐབས་  ཁྲིམས་འདུན་ལུ་ཞུ་ནུག།

ལྷན་ཚོགས་ཀྱིས་ ལྷགཔ་རྡོ་རྗེ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༤ དང་ ཡིག་ཚང་བྱ་སྒོའི་ལོག་སྤྱོད་དང་ གཡོ་སྒྱུའི་ཐོག་ ཡིང་ཆ་བཟོ་བའི་ ཉེས་འཛུགས་ཁག་༣ བཀལ་ཡོདཔ་ད་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ནང་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་བཟོ་སྐྲུན་གྱི་དོན་ལས་ ས་ཚབ་ལེན་ནི་གི་ ཞུ་ཡིག་རྫུས་མ་བཙུགས་པའི་ ཁ་ཉེས་ཡང་བཀལ་ནུག།

དེ་བསྒང་ ས་འཇལ་པ་ ན་ར་ཡཱན་ དུང་གེལ་ལུ་ཡང་ རྫོང་བདག་བགྲེསཔ་ལུ་ སྡོང་ཟླ་དང་ ཆ་རོགས་འབད་བའི་ ཉེས་འཛུགས་བཀལ་ཡོདཔ་ད་ ས་འཇལ་པ་གཞན་ སྐལ་བཟང་ཉི་མ་དེ་ བྱ་སྒོ་ལོག་སྤྱོད་འབད་བའི་ ཉེས་འཛུགས་དང་ ཧེ་མའི་ལག་ཁྲམ་ནང་མེད་རུང་ ཤེས་བཞིན་དུ་ ས་ཆ་ཨེ་ཀར་༡.༩༣ འཇལ་བྱིན་པའི་ ཁ་ཉེས་བཀལ་ནུག།

རྒེད་འོག་གི་ ཚོགས་པ་བགྲེསཔ་ ཀུན་ལེགས་ལ་དང་ དབང་ཕྱུག་ལ་ དེ་ལས་ བཀྲིས་དཔལ་ལྡན་ཚུ་ཡང་ སྐལ་བཟང་ཉི་མ་གིས་ ས་འཇལ་མི་དེ་ ངེས་བདེན་ཨིནམ་སྦེ་ བདེན་སྦྱོར་འབད་བའི་ ཉེས་འཛུགས་འབད་ནུག།

རྫོང་བདག་བགྲེསཔ་གི་ གནས་ཚང་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༤ དང་ དཔང་པོ་དང་འབྲེལ་བའི་ ཉེས་འགེལ་འཐབ་པའི་ ཉེས་འཛུངས་འབད་ཡོདཔ་ཨིན་པས།

ད་རུང་ ལྷན་ཚོགས་ཀྱིས་ བྲག་སྟེང་གི་ རྒཔོ་བགྲེསཔ་ བསྟན་འཛིན་ལུ་ ས་ཆ་བཙོང་མི་དང་ དཔང་པོའི་ལག་ཐི་རྫུས་མ་རྐྱབ་པའི་ ཉེས་འཛུགས་ཡོདཔ་མ་ཚད་ ས་ཆ་ཉོ་བཙོང་གན་ཡིག་དང་འབྲེལ་བའི་ ཡིག་ཆ་རྫུས་བཟོ་ཁག་སོ་སོའི་ནང་ ཉེས་འཛུགས་ཁག་༥ དང་ མགུ་སྐོར་ལག་ལེན་གྱི་ ཉེས་འཛུགས་ཚུ་ཡང་འབད་ནུག།

ལྷན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཞུ་བའི་ནང་གསལ་ སྤྱི་ལོ་༢༠༠༥ ལུ་ རྫོང་བདག་བགྲེསཔ་གི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ རྒཔོ་བགྲེསཔ་བསྟན་འཛིན་དང་ མགུ་མཐུད་དེ་ དབྱངས་ཅན་ཟེར་མི་ལས་ ཨེ་ཀར་༢.༠༣ འབད་མི་ ས་ཚན་༣ ཉོ་ཡོདཔ་སྦེ་ ཉོ་བཙོང་འཐབ་པའི་ གན་ཡིག་རྫུས་མ་བཟོ་ཡོད་རུང་ སའི་ཇོ་བདག་ལུ་ དེ་གི་སྐོར་ལས་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ད་རུང་ མོ་གིས་ རྒཔོ་བགྲེསཔ་དང་ མགུ་མཐུད་དེ་ མི་གཞན་དང་གཅིག་ཁར་ ས་ཆ་ཉོ་བཙོང་གི་ གན་ཡིག་རྫུས་མ་བཟོ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ ནུབ་སྦིས་རྒཔོ་བགྲེསཔ་ ཕུན་ཚོགས་ལུ་ཡང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༢ བཀལ་ནུག།

ཁྲིམས་འདུན་གྱིས་ རྩོད་ཟླ་ཚུ་ལུ་ ཁོང་རའི་བརྒལ་ལན་ཕུལ་ནི་གི་ དུས་ཚོད་ཟླ་ངོ་༡ གནང་ནུག།

ལྷན་ཚོགས་ཀྱིས་ རྩོད་དོན་དེ་ལུ་ སྤྱི་ལོ་༢༠༡༥ ལུ་ ཞིབ་དཔྱད་རྐྱབ་སྟེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་རུང་ ཉེས་བཤེར་འབད་ནི་གི་ གཞི་ཁུངས་མིན་འདུག་ཟེར་ བཤོལ་བཞག་མི་ལུ་བརྟེན་ ལྷན་ཚོགས་ཁོང་ར་གིས་ ཉེས་བཤེར་འབད་ནི་ འགོ་བཙུགས་ནུག།

ཀྲོང་གསར་གྱི་ རྫོང་བདག་བགྲེསཔ་དང་ དེ་བསྒང་ ཆེ་མཐོ་ཁྲིམས་འདུན་གྱི་ རྩོད་འཛིན་ཡོངས་ཁྱབ་སྦེ་ ཕྱག་ཞུ་མི་ དྲང་དཔོན་བགྲེསཔ་ དེ་ལས་ མི་ངོ་གཞན་༨ ལུ་ ད་ལྟོ་ ཀྲོང་གསར་རྫོང་གི་ གདོང་ཕྱོགས་ཀྱི་ སྒང་ཏོག་གུ་ ཟ་ཁང་རྐྱབ་སར་ ས་ཆ་ཨེ་ཀར་༤.༧༣ ཁྲིམས་འགལ་ཐོག་ མཁོ་སྒྲུབ་འབད་མིའི་ནང་ གྲལ་གཏོགས་ཡོད་པའི་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *