༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདས་པའི་བདུན་ཕྲག་ནང་ སྐྱེས་ལོ་༢༢ ལས་༢༦ བར་ན་འབད་མི་ ཕོ་སྐྱེས་༤ ལུ་ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ཉེས་འཛུགས་ཐོག་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་དོན་ལས་ བཤེར་ ཡིག་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ཟླ་༣ པའི་ཚེས་༢༨ ལུ་ ཕོ་སྐྱེས་༢ ཀྱི་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་ དགེ་ལེགས་ཕུག་གི་ས་གནས་ བསམ་གཏན་གླིང་ལུ་ གླ་འཁོར་༢ ནང་ལས་ འཛིན་བཟུང་འབད་དེ་ ཞིབ་དཔྱད་འབདཝ་ད་ སྨྱོ་རྫས་འཆང་ཡོདཔ་སྦེ་ བདའ་ཟུན་ནུག།
ཉེས་འཛུགས་ཅན་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨན་ལེབ་༦༤ དང་ ར་མེཤ་བཱསི་ནེཏ་ལས་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨན་ལེབ་༧༢ ཐོབ་ཡོདཔ་ཨིན་པས།
ཁོང་༢ ཀྱི་ ཆབ་གསང་བསྡུསཔ་བརྟག་དཔྱད་འབད་བའི་སྐབས་ལུ་ཡང་ འཕྱོག་བཟུང་འབད་མི་སྨྱོ་རྫས་དེ་ ལོག་སྤྱོད་འབད་བའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨྱོ་རྫས་དེ་ སྨན་གྱི་ཕན་ཁུངས་ཡོད་རུང་ བཀག་དམ་ཅན་གྱི་ སྨྱོ་རྫས་གྲངས་སུ་ཚུད་མི་དེ་ཡང་ སྨྱོ་རྫས་དེ་ནང་ ཊ་མ་ཌོལ་ཟེར་མི་ རྫས་སྦྱོར་ཡོད་མི་ལུ་བརྟེན་ཨིན་པས།
ཁོང་༢ ཀྱིས་ འཆང་སྤྱོད་འབད་མིའི་གྱངས་ཁ་དེ་ སྤྱི་ཚོགས་ཀྱིས་ ཚད་གཞི་ཆ་འཇོག་འབད་མི་ལས་ གཉིས་ལྟབ་ཀྱིས་ ཐེབས་ཨིནམ་ལས་ སྨྱོ་རྫས་ནག་ཚོང་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁོང་༢ ལུ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ གི་དོན་ཚན་༡༣༩ པའི་༢ པ་དང་འགལ་ཡོདཔ་ལས་ བཅའ་ཁྲིམས་དེའི་དོན་ཚན་༡༤༡ གི་དང་པ་དང་འཁྲིལ་ དབྱེ་རིམ་༣ པའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ གི་བར་ན་ བཀལ་དགོཔ་འདུག་ཟེར་ ཉེས་འཛུགས་ནང་ བཀོད་ཡོདཔ་ ཨིན་པས།
ཁོང་༢ ཆ་ར་ ད་ལྟོ་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་༢ ཡང་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ཏེ་ དགེ་ལེགས་ཕུག་ འཇམ་དཔལ་གླིང་ལུ་ འཛིན་བཟུང་འབདཝ་ད་ ཀརྨ་དབང་ཕྱུག་གིས་འབག་མི་ ཕད་ཅུང་ནང་ལས་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨན་ལེབ་༡,༠༠༨ དང་ དོརམ་གྱི་སྦྱར་ཁུག་ནང་ལས་ སྨན་ལེབ་༤ ཐོབ་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་དེ་ དྲི་དཔྱད་འབད་བའི་སྐབས་ ཁོང་༢ ཀྱིས་ སྨྱོ་རྫས་ནག་ཚོང་འཐབ་ནིའི་དམིགས་པ་བསྐྱེད་དེ་ ཆོས་སྐྱིད་ རྡོ་རྗེ་ཟེར་མི་ལས་ དངུལ་ཀྲམ་༡༦,༠༠༠ གནས་པའི་ སྨྱོ་རྫས་ཤོག་སྒྲོམ་༤ དེ་ཅིག་ ཉོ་ཡོད་པའི་ཁར་ མཁོ་མངགས་ཡང་ འབད་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ཡང་ སྤྱི་ལོ་༢༠༢༢ ཟླ་༣ པའི་ཚེས་༢༤ གི་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ ཆོས་སྐྱིད་རྡོ་རྗེ་ལུ་ བརྒྱུད་འཕྲིན་བཏང་སྟེ་ སྨྱོ་རྫས་ཀྱི་མཁོ་འདོད་བཀོད་དེ་ ཀརྨ་དབང་ཕྱུག་གིས་ རྐང་འཁོར་བཏང་འགྱོ་བའི་སྐབས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འཛིན་བཟུང་འབད་དེ་ ཆོས་སྐྱིད་རྡོ་རྗེ་གི་ ཁྱིམ་ཞིབ་འཚོལ་འབདཝ་ད་ སྨྱོ་རྫས་ཀེ་ན་བཱིས་ག་རམ་༡༣༣.༥ ལྷགཔ་ཅིག་ བདའ་ཟུན་ཡོད་རུང་ ཁྱིམ་ཞིབ་འཚོལ་འབད་ཆོག་པའི་ ཁྲིམས་འདུན་ཅིག་ལས་ གནང་བ་ཐོབ་སྟེ་མེདཔ་ལས་ ཁྱིམ་ནང་ལས་ཐོབ་ མི་དེ་ལུ་ ཉེས་འཛུགས་བཀལ་ཐབས་མིན་འདུག་ཟེར་ ཉེས་བཤེར་ནང་བཀོད་ནུག།
ཁོང་༢ ཡང་ དབྱེ་རིམ་༣ པའི་ཉེས་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ འི་བར་ན་ བཀལ་དགོ་པའི་ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།