རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་༦ ལུ་ དམར་བསད་ཀྱི་ཉེས་འཛུགས།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༩ པའི་ཚེས་༡ ལུ་ ཕོ་སྐྱེས་ཅིག་ དམར་བསད་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ ཕོ་སྐྱེས་༦ ལུ་ ཉེས་འཛུགས་ཁག་སོ་སོའི་ཐོག་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ ཉེས་བཤེར་གྱི་དོན་ལུ་ བཙུགས་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ བཤད་མིའི་ནང་ ཉེས་འཛུགས་ནང་འབྲེལ་བ་ཡོད་མི་ ཕོ་སྐྱེས་༦ ལས་༢ ལུ་ དམར་བསད་དང་༢ ལུ་ ལྷན་ཐབས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་ལས་ གཞན་མི་༡ ལུ་ ཉེས་འབྲེལ་འབད་མི་དང་ གཞན་༡ ལུ་ བྱ་ངན་འབད་མི་ཚུ་ སྒྲུབ་བྱེད་མེདཔ་བཏང་བའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ཆུ་ཁ་རྫོང་ཁག་ སྦོང་སྒོ་རྒེད་འོག་ ཀི་ཏོ་ཁ་ལས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ ཉེས་འཛུགས་ཅན་ཚུ་གིས་ རྒྱ་གར་གྱི་ས་གནས་ ཧ་ཤི་མ་རའི་ཚལ་མ་ཅིག་ནང་ཁྱིད་དེ་ དམར་བསད་འབད་ཡོདཔ་ཨིན་པས།
བྱ་ངན་འབད་མི་ཚུའི་གྲས་ལས་ འབྲུག་མི་༣ དང་ རྒྱ་གར་གྱི་མི་ཁུངས་༣ ཡོདཔ་ད་ ཚེ་འདས་ཀྱི་ཕུངམ་དེ་ཡང་ ཧ་ཤི་མ་རའི་ནགས་ཚལ་ལས་བྱེདཔ་ཚུ་གིས་ ཕུངམ་རུལ་རུལཝ་ཅིག་མཐོང་སྟེ་ སྤྱི་ཟླ་༤ པའི་ཚེས་༦ ལུ་ ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ ཉམས་རྒུད་པའི་ཕོ་རྒནམ་གི་ ཨམ་སྲུ་གིས་ གོ་ལ་དང་ ལག་པར་བཏགས་ཡོད་མི་ ཆུ་ཚོད་འཁོར་ལོ་ལས་ ངོ་ཤེས་ཚུགས་ཡོདཔ་ད་ ཚེ་འདས་ཀྱི་མགུ་ཏོ་གུ་ རྨ་ལེ་ཤ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་མ་ཚད་ ཚེ་འདས་ཀྱིས་གྱོན་མི་ ཀོཊ་གུ་ཡང་ གྱི་གསོབ་ཡོད་པའི་ དོང་ལེ་ཤ་མཐོང་ཡོདཔ་ད་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་གིས་ དམར་བསད་དེ་ འཆར་གཞི་བརྩམས་ཏེ་ འབད་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
ཚེས་འདས་ཀྱི་ ཨ་པ་གིས་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ མི་བྱང་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཇའི་སྒང་གི་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ནུག།
ཁྲིམས་སྲུང་འགག་སྡེ་གིས་ བཤད་མིའི་ནང་ དམར་བསད་དེ་ གད་ལྟག་ནང་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཚེ་འདས་ཀྱིས་ དངུལ་ཀྲམ་༡༠,༠༠༠ བསྐྱི་མི་དེ་ ལོག་བཏབ་མ་བཏུབ་པའི་ཤུལ་ལས་ དམར་བསད་འབད་ནིའི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་ ཕོ་སྐྱེས་དེ་གིས་ ཁོ་ལུ་ ཏི་རུ་ལོག་སྤྲོད་དགོཔ་སྦེ་སླབ་ད་ ཚེ་འདས་ཀྱིས་ ཁོ་ལུ་ འཇིགས་སྐྲག་སྟོན་ཡོདཔ་མ་ཚད་ ཏི་རུ་དེ་ཡང་ ཚེ་འདས་ཀྱིས་ ཐིམ་ཕུག་ལུ་ བཙོང་ནིའི་དོན་ལུ་ སྨྱོ་རྫས་ཉོ་ནི་སྦེ་ བསྐྱི་འབག་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ནང་ ཏི་རུ་བསྐྱི་བཅུག་མི་གིས་ གསར་སྤང་ལས་ སྐྱེས་ལོ་༡༩ ལང་མི་དང་གཅིག་ཁར་ ཕྱད་པའི་ཤུལ་ལས་ ཁོ་དང་གཅིག་ཁར་ རྒྱ་གར་གྱི་མི་ཁུངས་༣ ཕྱད་དེ་ དམར་བསད་འབད་ནིའི་ འཆར་གཞི་འབད་ནུག་ཟེར་བཀོད་ནུག།
ཏི་རུ་བསྐྱི་བཅུག་མི་གིས་ དམར་བསད་འབད་ཚུགས་པ་ཅིན་ ཚེ་འདས་ཀྱི་སྣུམ་འཁོར་ བོ་ལི་རོ་དེ་ བཙོང་པའི་ཤུལ་ལས་ ཏི་རུ་བྱིན་གེ་ཟེར་ སླབ་ཡོདཔ་ཨིན་པས།
མཱད་དུ་ཟེར་སའི་ ས་ཁོངས་ནང་ལྷོདཔ་ད་ བྱ་ངན་འབད་མི་༤ གིས་ སྨྱོ་རྫས་ཀེ་ཧང་འཐུང་བའི་ཤུལ་ལས་ ཚེ་འདས་ལུ་ བརྡུང་རྫོབ་འབད་ནུག་ཟེར་ བཀོད་ཡོདཔ་ད་ ཉེས་འཛུགས་ཅན་ཚུ་ག་ར་ རྒྱ་གར་གྱི་ས་གནས་ དཱད་ག་རི་དང་ ཕུན་ཚོགས་གླིང་ལས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *