རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དཔལ་འབྱོར་དཔལ་འབྱོར་ལུ་ ཁྲིམས་མཐུན་ངོས་ལེན་འབད་ནི།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་སྡེ་བརྡ་བརྒྱུད་ནང་ མི་མང་འགོ་དཔོན་དང་ གཙུག་སྡེ་ཚུ་གིས་ དྲང་ཁྲིམས་དང་ འབྲེལ་བའི་གནད་དོན་བཙུགས་མི་ཚུ་ལུ་ ཁྲིམས་མཐུན་ངོས་ལེན་འབད་ནི་ཨིན་པས།

དཔལ་འབྱོར་དཔལ་འབྱོར་ཟེར་མི་དེ་ ད་ལྟོ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་ཡོདཔ་ད་ དཔལ་འབྱོར་དེ་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་གཅིག་ཁར་ རྩོད་བཤེར་འབད་མི་ རྩོད་ཟླ་ཨིནམ་ད་ ཁོ་རང་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༣༡ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ གཞི་འཛིན་འབད་མི་དེ་ ཤུལ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ཡང་ བསྒྱུར་བཅོས་མེདཔ་ཨིན་པས།

དེའི་ཤུལ་ལས་ ཁོ་གིས་ དྲང་ཁྲིམས་ལུ་ མ་གུས་པའི་སྐོར་ལས་དང་ དྲང་དཔོན་ཚུ་གི་ མིང་གཏམ་ཞན་བཅུག་པའི་ཁར་ གཙུག་སྡེ་གཞན་ཚུ་གི་ མིང་གཏམ་ལུ་ སྐྱོན་བརྗོད་འབད་ནི་དེ་གིས་ སྤྱི་ལོ་༢༠༡༥ ལུ་ བདེན་ཁུངས་མེད་པའི་ ཉེས་འཛུགས་ཚུ་འབད་བ་ཅིན་ མ་གུས་པའི་ཉེས་འཛུགས་འབད་ནིའི་ ཉེན་བརྡ་ཡང་ བྱིན་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོ་གིས་འབད་མི་ཚུ་ མ་བདེན་པའི་ཁར་ རྫུས་མ་ཨིན་པའི་ བདེན་ཁུངས་ཐོབ་ཡོདཔ་ལས་ ཁོ་གིས་འབད་མི་ལཱ་ཚུ་ དྲང་ཁྲིམས་ལྷན་སྡེའི་དབང་འཛིན་ལུ་ མ་གུས་པའི་བྱ་སྤྱོད་དང་ གནས་ཚུལ་རྫུས་མ་གསལ་བསྒྲགས་འབད་བ་དང་ གཞན་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༡༧ དང་༣༢༠ ཅ་དང་ གཞན་དོན་ཚན་ཚུ་དང་འཁྲིལ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

ཁོ་གིས་ འགོ་དཔོན་དང་ གཙུག་སྡེ་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་སྟེ་ གསལ་བསྒྲགས་འབད་མི་དེ་གིས་ རྒྱལ་ཡོངས་མ་ཚད་ རྒྱལ་སྤྱིའི་གནས་ཚད་ནང་ཡང་ དྲང་ཁྲིམས་ཀྱི་རིམ་ལུགས་ལུ་ རྒྱལ་ཁམས་ཀྱི་ མཐུན་རྐྱེན་ཚུ་ལུ་ མ་གུས་མི་ལེ་ཤ་ཐོན་ཡོདཔ་ཨིན་པས།

དེ་འབདཝ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མི་མང་གིས་ རྒྱལ་ཁམས་ཀྱི་གཙུག་སྡེ་ལུ་ བློ་གཏད་ཡིད་ཆེས་ཚུ་ མེདཔ་མ་འགྱོ་བའི་ཧེ་མར་ དུས་མཐུན་ངོས་ལེན་འབད་ནི་དེ་ གལ་ཅན་ཅིག་ཨིན་ཟེར་བཀོད་ནུག།

དཔལ་འབྱོར་གྱིས་ བུམ་ཐང་ལུ་ སྐྱིད་གནས་ཁང་རྐྱབ་ནིའི་དོན་ལུ་ དངུལ་ཁང་དེ་ལས་ སྤྱི་ལོ་༢༠༠༦ ལུ་ སྐྱིན་འགྲུལ་ལེན་མི་ དེ་ སྤྱི་ལོ་༢༠༡༦ ཟླ་༢ པའི་ཚེས་༢༥ ལུ་ ངོ་བོ་དང་ སྐྱེད་སྦྲགས་ཏེ་ དངུལ་ཀྲམ་༢༥,༢༦༨,༤༩༢ དུས་ཚོད་ཁར་ མ་བཙུགསཔ་ལས་བརྟེན་ གན་ཡིག་དང་འཁྲིལ་ཏེ་ གཏའ་མ་བཙུགས་མི་ ས་ཆ་ལེ་ཤ་ཅིག་དང་ དེ་གི་ནང་ལས་ བུམ་ཐང་ལུ་ཡོད་མི་ སྐྱིད་གནས་ཁང་སྦོམ་ཅིག་ རྐྱབ་འཕྲོ་ཡོད་མི་དེ་ཡང་ ཤོར་ཡོདཔ་ཨིན་པས།

ཨིན་རུང་ ཁྲིམས་ལུགས་ཧ་གོ་མི་ཚུ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དེ་བཟུམ་འབད་མི་ལུ་ ཁྲིམས་མཐུན་ག་དེ་སྦེ་ ཡོདཔ་ཨིན་ན་ཟེར་བའི་ དྲི་བཀོད་ཚུ་ཡང་ འབད་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *