རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ལུ་ ལྐོག་ཟའི་རྩོད་དོན་བཤོལ་བཞག།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ རྣམ་རྒྱལ་ལྷུན་གྲུབ་ལུ་ མ་དངུལ་ལྐོག་ཟའམ་ ལོག་སྤྱོད་འབད་བའི་ རྩོད་དོན་དེ་ བཤོལ་བཞག་འབད་ནུག།
དེ་ཡང་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་བཏང་མི་ ཡི་གུ་དེ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁ་ཐུག་ལས་ རྩོད་དོན་དེ་ལུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་སྐབས་ རྣམ་རྒྱལ་ལྷན་གྲུབ་ལུ་ ཉེས་བཤེར་འབད་ནི་གི་ འོས་ཁུངས་མ་མཐོང་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚོས་༢༩ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་སྙན་ཞུ་བཏང་མི་དེ་ནང་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་གིས་ ལས་སྡེའི་Ex-Gratia Fund ཟེར་ ཉེན་བཅོལ་སྲིད་བྱུས་ནང་མ་ཚུད་པའི་ གྱོང་རྒུད་ཕོག་མི་ཚུ་ལུ་ སྤྲོད་ནི་གི་ མ་དངུལ་དང་ བཀོད་ཁྱབ་གཙོ་འཛིན་གྱི་ མི་མང་མཐུན་འབྲེལ་མ་དངུལ་ (CEO’s PR fund) ལས་ དངུལ་ཀྲམ་༢༣༧,༩༠༧ འཛིན་སྐྱོང་ཚོགས་ཆུང་ལས་ གནང་བ་མེད་པར་ བཏོན་ཐོག་ལས་ ལོག་སྤྱོད་འབད་ནུག་ཟེར་ ཁ་ཉེས་བཀལ་ནུག།
ལྷན་ཚོགས་ཀྱིས་ རྣམ་རྒྱལ་ལྷུན་གྲུབ་ལུ་ སྤྱི་གཡོགཔ་གིས་ གནད་དོན་ཁག་༧ ནང་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་བཀལ་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ད་ ཉེས་འཛུགས་ཁག་༡ ནང་ ཁོ་གིས་ དངུལ་ཀྲམ་༨༠,༠༠༠ བཏོན་ཏེ་ སྤ་རོ་གདོང་དཀར་ལ་ལྷ་ཁང་དང་ བླམ་ཅིག་ལུ་ ཞལ་འདེབས་ཕུལ་ཡོདཔ་སྦེ་ཨིན་རུང་ དེ་ལུ་ ཁུངས་བཀལ་མ་ཚུགས་པའི་ཁར་ རྒྱབ་སྣོན་ཡིག་ཆ་སྟོན་ནི་མེདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཤེས་ར་ལྷུན་གྲུབ་ཀྱིས་ བཀོད་མིའི་ནང་ གནས་སྟངས་ཚུ་དང་འཁྲིལ་ ཁག་སོ་སོའི་ནང་ ཟད་འགྲོ་གཏང་ནིའི་དོན་ལུ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ འཆར་དངུལ་གྱི་དབྱེ་སྡེ་ཁག་༦ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དེ་ནང་Ex-Gratia Fund དང་ CEO’s PR fund མ་དངུལ་༢ ཚུད་ཡོདཔ་ད་ མ་དངུལ་དང་པ་ལས་ མ་དངུལ་འཛིན་གྲོལ་འབད་ནིའི་དོན་ལུ་ བཀོད་ཁྱབ་གཙོ་འཛིན་དང་ བཀོད་ཁྱབ་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་སོ་སོའི་ ཡོངས་ཁྱབ་འཛིན་སྐྱོང་པ་༥ ཡོད་མི་ འཛིན་སྐྱོང་སྡེ་ཚན་གྱིས་ གནང་བ་འགྲུབ་དགོཔ་ཨིན་པས།
མ་དངུལ་གཉིས་པའི་ཐད་ཁར་ བཀོད་ཁྱབ་གཙོ་འཛིན་གྱིས་ ཞལ་འདེབས་ལ་སོགས་པ་ བྱིན་ཐོག་ལས་ མི་སྡེ་དང་འབྲེལ་བའི་ ལས་འཛིན་གྱི་ འགན་ཁུར་འགྲུབ་ཐབས་ལུ་ མ་དངུལ་ལག་ལེན་གྱི་ དབང་ཚད་ཧྲིལ་བུ་འདུག་ཟེར་ཨིན་པས།
ཡི་གུ་ནང་ འཆར་དངུལ་དབྱེ་སྡེ་ནང་འཛོལ་ཏེ་ བཀོད་མི་ལུ་བརྟེན་ བྱ་སྒོའི་རིམ་པ་ཚུ་ནང་ ནོར་འཁྲུལ་ཞུགས་ནུག་ཟེར་ བཀོད་ཡོདཔ་ད་ དེ་ཡང་ བཀོད་ཁྱབ་གཙོ་འཛིན་གྱི་ སྐུ་སྒེར་ལས་རོགསཔ་དེ་གིས་ མི་མང་མཐུན་འབྲེལ་མ་དངུལ་འཛིན་གྲོལ་གྱི་དོན་ལུ་ འཆར་དངུལ་དབྱེ་སྡེ་གཞན་ནང་ བཀོད་ཐོག་ལས་ འབད་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཀོད་ནུག།
སྤྱིར་བཏང་བདག་སྐྱོང་ལས་ཁུངས་དང་ འཛིན་སྐྱོང་གི་ འགོ་འཛིན་ཚུ་གིས་ མི་མང་མཐུན་འབྲེལ་མ་དངུལ་ནང་ལས་མེན་པར་Ex-Gratia Fund ལས་ གནང་བ་གྲུབ་སྟེ་ མ་དངུལ་འཛིན་གྲོལ་འབད་ཡོདཔ་ད་ ལམ་ལུགས་དང་འཁྲིལ་བ་ཅིན་ འཛིན་སྐྱོང་སྡེ་ཚན་གྱིས་ ཆ་འཇོག་འབད་ཞིནམ་ལས་རྐྱངམ་གཅིག་ འཛིན་གྲོལ་འབད་དགོཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ གཞི་བཞག་སྟེ་ རྣམ་རྒྱལ་ལྷུན་གྲུབ་ལུ་ སྤྱི་གཡོགཔ་གིས་ མ་དངུལ་ལྐོག་ཟ་འབད་བའི་ ཁ་ཉེས་བཀལ་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཡི་གུ་ནང་བཀོད་ནུག།
ཁོ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ འཆར་དངུལ་དབྱེ་སྡེ་སོ་སོའི་ནང་འཛོལ་ཏེ་ གསལ་བཀོད་འབད་མིའི་སྐོར་ བཀོད་ཁྱབ་གཙོ་འཛིན་ལུ་ སྙན་ཞུ་མ་འབད་བའི་ཁར་ ཁོ་གི་སྐུ་སྒེར་ལས་རོགས་ལུ་ཡང་ ནོར་བཅོས་འབད་དགོཔ་སྦེ་ མ་སླབ་པས་ཟེར་ཨིནམ་ད་ རྒྱལ་གཞུང་ཉེན་བཅོས་ལས་འཛིན་གྱི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མཉམ་འབྲེལ་ཐོག་ལས་ཕུལ་མི་ ཡི་གུའི་ནང་ མ་དངུལ་འཛིན་གྲོལ་དང་ ལག་ལེན་གྱི་ཐད་ལུ་ བཀོད་ཁྱབ་གཙོ་འཛིན་ལུ་ འགན་འཁྲི་བཀལ་ཐབས་མེད་མི་དེ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གི་ འཐུས་ཤོར་ལུ་བརྟེན་ཏེ་ འཛིན་སྐྱོང་སྡེ་ཚན་ལས་ གནང་བ་མེད་པར་ མ་དངུལ་འཛིན་གྲོལ་འབད་ནི་དེ་གིས་ཨིནམ་སྦེ་ བཀོད་ནུག་ཟེར་ཨིན་པས།
དེ་གིས་མ་དོ་བར་ བཀོད་ཁྱབ་གཙོ་འཛིན་གྱིས་ཡང་ ཁོ་རའི་ངག་བརྗོད་ཚུ་ནང་ མ་དངུལ་ཚུ་ བཀོད་ཁྱབ་གཙོ་འཛིན་གྱི་ མི་མང་མཐུན་འབྲེལ་མ་དངུལ་ནང་ལས་ འཛིན་གྲོལ་འབད་དགོཔ་ཅིག་ཨིན་པའི་སྐོར་དང་ ཁོ་གི་སྐུ་སྒེར་ལས་རོགས་ ཡང་ཅིན་ འབྲེལ་ཡོད་འགོ་དཔོན་གཞན་ཚུ་ལུ་ ex-gratia fund མ་དངུལ་ལས་ བཏོན་དགོ་པའི་སྐོར་ སླབ་སླབ་མེདཔ་སྦེ་ར་ བཀོད་ནུག་ཟེར་ཨིནམ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་རུང་ འདི་བཟུམ་འཛིན་གྲོལ་འབད་དགོཔ་སྦེ་ བཀོད་ཁྱབ་གཙོ་འཛིན་གྱིས་ ཁ་བཀོད་བྱིན་བྱིནམ་མེད་ཟེར་ སླབ་མི་ལས་ བདེན་ཁུངས་གསལ་སྟོན་འབདཝ་མས་ཟེར་བཀོད་ནུག།
མི་མང་མཐུན་འབྲེལ་མ་དངུལ་གྱི་དོན་ལུ་ བཀོད་ཚོགས་ཀྱིས་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་དོན་ལུ་ དངུལ་ཀྲམ་འབུམ་༥ རེ་ གནང་བ་གྲུབ་ཡོད་མི་ལས་ བཀོད་ཁྱབ་གཙོ་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་༢༠༠,༠༠༠ དང་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་༨༥,༠༠༠ ཟད་འགྲོ་བཏང་ཡོདཔ་ལས་ སྤྱི་ལོ་དེ་གཉིས་ནང་ མ་དངུལ་ལྷག་ལུས་ དངུལ་ཀྲམ་༣༠༠,༠༠༠ དང་༤༡༥,༠༠༠ ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ ཡི་གུ་ནང་བཀོད་ནུག།
དེ་ལས་ ཉེན་བཅོལ་སྲིད་བྱུས་ནང་མ་ཚུད་རུང་ རྒུད་འཐུས་སྤྲོད་དགོ་པའི་ འཆར་དངུལ་དབྱེ་སྡེའི་དོན་ལུ་ བཀོད་ཚོགས་ཀྱིས་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་དོན་ལུ་ དངུལ་ཀྲམ་༤༥༠,༠༠༠ དང་༤༦༠,༠༠༠ གནང་བ་གྲུབ་ཡོདཔ་ད་ མ་དངུལ་དེ་གི་ཐོག་ལས་ ལོ་༢ ཀྱི་རིང་ལུ་ དངུལ་ཀྲམ་༢༣༧,༩༠༧ འཛིན་གྲོལ་འབད་དེ་ ལྷག་ལུས་དངུལ་ཀྲམ་༦༧༢,༠༩༣ ལུས་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཆར་དངུལ་དབྱེ་སྡེ་ལས་ མ་དངུལ་ཚུ་ འཛིན་སྐྱོང་ཚོགས་ཆུང་ལས་ གནང་བ་མེད་པར་ དངུལ་ཀྲམ་༢༣༧,༩༠༧ དེ་ཅིག་ ལྐོག་ཟའི་གྲངས་སུ་ བརྩི་འཇོག་འབད་དེ་ ཁ་ཉེས་བཀལ་ནུག་ཟེར་ཨིན་པས།
ཡི་གུ་ནང་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་གིས་ མ་དངུལ་ཟད་འགྲོ་བཏང་མི་ཚུ་ལས་ ཁོ་ལུ་ རྒྱུ་དངུལ་གྱི་ ཁེ་ཕན་ག་ནི་ཡང་ ཐོབ་ཐོབ་མེན་པའི་ཁར་ མ་དངུལ་ལོག་སྤྱོད་འབད་ནི་གི་ མནོ་བསམ་ག་ནི་ཡང་ མ་བཏང་པས་ཟེར་བཀོད་ནུག།
དེ་འབདཝ་ལས་ ཁ་ཉེས་བཀལ་བའི་ གནོད་འགེལ་འདི་ནང་ འབྲེལ་ཡོད་འགོ་དཔོན་ཚུ་གི་ ཁ་ཐུག་ལས་ བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་བྱུང་ཡོདཔ་མ་གཏོགས་ ཉེས་བཤེར་འབད་དགོ་པའི་ གཞི་ཁུངས་མེད་པའི་ཁར་ ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ལུ་ སྙན་ཞུ་བཏང་དགོཔ་ཅིག་ཡང་ མ་མཐོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཡི་གུ་ནང་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ལྷན་འཛིན་ རྒྱ་མཚོ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ རེས་གཟའ་མིག་དམར་ལུ་ ཁོང་གི་ཞིབ་དཔྱད་སྙན་ཞུ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཡི་གུ་གཉིས་ཀྱི་བར་ན་ ཁྱད་པར་ག་ཅི་ར་ཡོདཔ་ཨིནམ་ད་ སྒྱིག་བལྟ་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *