རྩིས་སྙོམས་སྒྲིག་ ལོག་སྤྱོད་ཀྱི་གྲངས་སུ་ བརྩི་འཇོག་འབད་མི་ལུ་ ཁེ་རྒུད་མ་བཏུབ་པའི་ཞུ་བ།

༉ དམག་སྡེའི་ཁྲིམས་འདུན་གྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ གཞུང་དངུལ་ལོག་སྤྱོད་འབད་མིའི་ གནད་དོན་ཐོག་ལུ་ འཁྲུན་ཆོད་བཏོན་མིའི་ཐད་ཁར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་དགོ་མི་དེ་ཡང་ དམག་སྲིད་འོགམ་ རིག་འཛིན་ཡེ་ཤེས་ཀྱིས་འབད་བ་ཅིན་ རྩིས་སྙོམས་སྒྲིག་འབད་མི་དེ་ ལོག་སྤྱོད་ཀྱི་ བརྩི་འཇོག་འབད་མི་དེ་ལུ་ ཁེ་རྒུད་མ་བཏུབ་སྦེ་ ཨིན་པས།
དམག་སྲིད་འོགམ་རིག་འཛིན་ཡེ་ཤེས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོང་གིས་ བདེ་སྲུང་སྦྱོང་བརྡར་གྱི་དོན་ལུ་ ཅ་ཆས་མཁོ་སྒྲུབ་འབད་ཡོད་པའི་ཐད་ཁར་ བཀག་འཛིན་ཅན་གྱི་ཅ་ཆས་དང་ ཆང་ཚུ་གི་ རྩིས་སྙོམས་སྒྲིག་འབད་བའི་སྲོལ་དེ་ བདེ་སྲུང་ཤོ་ཐེངས་དང་པའི་སྐབས་ལས་ར་ ཡོད་དོ་བཟུམ་སྦེ་ ཁོ་གི་ཡང་ དེ་དང་འཁྲིལ་ཏེ་འབད་ཡོདཔ་མ་ཚད་ ཁོ་རའི་ ཁེ་ཕན་ལུ་དམིགས་ཏེ་ ལོག་སྤྱོད་རྩ་ལས་མེནམ་སྦེ་ ཞུ་ཡི།
ཐོག་མའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཚོང་པ་ཚུ་ལུ་ འཇིགས་སྐུལ་དང་ མགུ་སྐོར་གྱི་ཐོག་ལས་ ལེན་ཡོད་མི་དེ་ལུ་ གཞི་བཞག་ཡོདཔ་མ་གཏོགས་ ཁྲིམས་འདུན་ལུ་ལྷོདཔ་ད་ ཁོ་རང་གིས་ སྒྲུབ་བྱེད་དང་ ངག་བརྗོད་ཚུ་ལུ་ གཞི་བཞག་སྟེ་འབད་ནི་ཟེར་ སླབ་མི་དེ་ ལག་ལེན་མ་འཐབ་པར་ འཁྲུན་ཆོད་བཏོན་ཡོདཔ་སྦེ་ཞུ་ཡི།
ད་ལྟོ་ཚུན་ཚོད་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༢ པ་ལས་༢༣ ཚུན་ཚོད་ཀྱི་ བདག་སྐྱོང་འགོ་དཔོན་དང་ བདག་སྐྱོང་ལས་རོགསཔ་ཚུ་ལུ་ ཉེས་འཛུགས་བཀལ་མི་དང་ དངུལ་ལོག་སྤྱོད་འབད་ཡི་ཟེར་མི་དེ་ སྙོམས་སྒྲིག་འབད་མི་ལུ་བརྟེན་ཏེ་བྱུང་ཡོད་རུང་ སྙོམས་སྒྲིག་དེ་ཡང་ ཚོང་པ་ཚུ་གི་ ཕོ་ཚད་དང་ ཁོང་གིས་ ཕུལ་ཡོད་མི་རྩིས་གཉིས་ཀྱི་བར་ན་ ཁྱད་པར་ཕྱེ་ཞིནམ་ལས་ ལྷག་ལུས་དེ་ ལོག་སྤྱོད་འབད་ཡོདཔ་སྦེ་ བཙུགས་མི་དེ་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཚོང་པ་ཚུ་ལས་ མཁོ་སྒྲུབ་འབད་ཡོད་མི་ ཅ་ཆས་ཚུ་ཡང་ ལོ་ངོ་མང་རབས་ཅིག་ སོང་ནི་དེ་གིས་ ག་དེམ་ཅིག་འབག་ཡོདཔ་ཨིན་ན་ ཁོང་རང་གིས་ གཏན་འཁེལ་སྦེ་ མ་ཤེས་ཏེ་འབད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕོད་ཚད་ཅིག་ སླབ་དགོ་ཟེར་ འབད་བའི་སྐབས་ ཁོང་གིས་ ཕོ་ཚོད་འབད་དེ་ སླབ་ཡོདཔ་མ་གཏོགས་ གཏན་འཁེལ་སྦེ་ མ་སླབ་སྟེ་འབད་རུང་ ཚོང་པ་གིས་ ཕོ་ཚད་དང་ བདག་སྐྱོང་འགོ་དཔོན་ཚུ་གིས་ ཕུལ་ཡོད་མི་ རྩིས་གཉིས་ཀྱི་ཁྱད་པར་ཆགས་མི་དེ་ ཁོང་གིས་ ལོག་སྤྱོད་འབད་ཡོདཔ་སྦེ་ ཞུ་ཡི།
བདག་སྐྱོང་འགོ་དཔོན་ཚུ་གིས་ རྩིས་བཱིལ་ཕུལ་ཡོད་མི་ཚུ་ཡང་ ཐོག་མའི་ཁྲིམས་འདུན་གྱི་ཁ་ཐུག་ལས་ ངོས་ལེན་འབད་མ་བཏུབ་ལས་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ ཞིབ་དཔྱད་མ་བཏུབ་བཏུབ་སྦེ་ གནང་དགོ་པའི་ཞུ་བ་འབད་ཡོདཔ་ཨིན།
ཁོ་གིས་ ངག་ཐོག་ལས་ཞུ་མའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོང་ལུ་ དུས་ཚོད་བྱིན་ཡོདཔ་སྦེ་ སླབ་ཡོད་རུང་ ཁོང་གིས་ ཞིབ་དཔྱད་འབད་བའི་གནས་སྐབས་ནང་ རྩིས་སྙོམས་སྒྲིག་ག་དེ་སྦེ་འབད་ཡོདཔ་ཨིན་ན་ དངུལ་གྱི་ཁ་གྲངས་མ་གཏོགས་ སྒྲུབ་བྱེད་འབད་དགོཔ་སྦེ་ སླབ་སླབ་མེདཔ་ལས་ ག་ཅི་ཡང་ ཞུ་ཐབས་མ་འབྱུང་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་རིང་ སྟབས་མ་བདེཝ་བྱུང་དགོ་མི་དེ་ཡང་ བྱ་སྒོའི་ལམ་ལུགས་མེད་ནི་དེ་གིས་ འདས་པའི་བདག་སྐྱོང་འགོ་དཔོན་ཚུ་གི་ ལག་ལེན་འཐབ་ཐངས་དང་འཁྲིལ་ཏེ་ འབད་མི་ལུ་བརྟེན་ ཁོང་བདག་སྐྱོང་འགོ་དཔོན་དང་ བདག་སྐྱོང་ལས་རོགསཔ་ཚུ་ལུ་ ཉེས་འཛུགས་ཕོག་ཡོདཔ་ལས་ ཁེ་རྒུད་མ་བཏུབ་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ བདེ་སྲུང་གི་ བདག་སྐྱོང་འགོ་དཔོན་ཟེར་བའི་བསྒང་ལས་ ཁོ་ལུ་མ་དངུལ་གྱི་ དབང་ཚད་ག་དེ་སྦེ་ སྤྱོད་ཡོདཔ་ཨིན་ན་ ཧྲིལ་བུམ་མེད་ཟེར་ཨིནམ་ད་ རྩིས་སྙོམས་སྒྲིག་འབད་ནི་དང་ ཅ་ཆས་མཁོ་སྒྲུབ་འབད་ནི་ཚུ་ མགོ་བདག་གི་བཀའ་དང་འཁྲིལ་ཏེ་ འབད་ནི་མ་གཏོགས་ ག་དགའཝ་སྦེ་ འབད་ཐབས་མེད་ཟེར་ཞུ་ཡི།
དཔེ་འབད་ཅིན་ རྩིས་སྙོམས་སྒྲིག་ཟེར་བའི་སྐབས་ བྱངམ་བྱིང་ངནམ་ཟེར་མི་དེ་ མཁོ་སྒྲུབ་འབད་མ་ཆོགཔ་ཨིན་རུང་ བདེ་སྲུང་ཤོ་ཐེངས་དང་པའི་སྐབས་ལས་རང་ བྱིན་སྲོལ་ཡོད་མི་དང་འཁྲིལ་ཏེ་ ཁོང་གི་ཡང་ མགོ་བདག་གི་བཀའ་དང་འཁྲིལ་ཏེ་ མཁོ་སྒྲུབ་འབད་ཡོདཔ་ཨིན་རུང་ ཤུལ་ལས་ རྩིས་བཱིལ་ནང་བཙུགས་པའི་བསྒང་ལས་ ཤ་དང་གཞན་མི་ཚོད་བསྲེ་གི་རིགས་ ཉོ་ཡོདཔ་སྦེ་ སྙོམས་སྒྲིག་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཧེ་མ་ལས་ བྱ་སྒོའི་ལམ་ལུགས་ཅིག་ ལེགས་ཤོམ་སྦེ་ཡོདཔ་ད་ སྙོམས་སྒྲིག་འབད་མི་ཆོག་ཟེར་ འཁོད་དེ་ཡོདཔ་ཨིན་པ་ཅིན་ ད་ལྟོ་ཁོང་ལུ་ ཉེས་འཛུགས་དང་ ཉེས་ཁྲིམས་ཕོག་དགོཔ་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ ད་ལྟོ་ཚུན་ཚོད་ཀྱི་རིང་ ལྷག་བསམ་རྣམ་དག་གི་སྒོ་ལས་ རང་གི་སྲོག་ཨིན་རུང་ བློས་བཏང་སྟེ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནི་གི་ ཁས་བླངས་འབད་ཡོདཔ་མ་གཏོགས་ དངུལ་ལོག་སྤྱོད་འབད་ནི་ མནོ་བསམ་རང་མ་བཏངམ་མ་ཚད་ ད་ལས་ཕར་འབད་རུང་ ཉེས་མེད་ལུ་ ཉེས་ཁྲིམས་ཕོག་ནི་མེདཔ་ད་ དམག་སྡེ་ནང་ ལོག་སྟེ་ར་ ཕྱག་ཞུ་ནི་གི་ གོ་སྐབས་ཅིག་གནང་ཚུགས་པ་ཅིན་ཟེར་བའི་ ཞུ་བ་ཕུལ་ཡི།
དེ་བཟུམ་སྦེ་ དམག་སློབ་བཟོད་པ་ལུ་ གཞུང་དངུལ་དངུལ་ཀྲམ་༡༠༠,༠༠༠ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་ཕོག་ཡོདཔ་ད་ ཁོ་གིས་ ཞུ་མིའི་ནང་ ཁོ་གིས་ ཏི་རུ་ལེན་ལེནམ་མེད་པའི་ ངག་བརྗོད་ཡིག་ཐོག་དང་ ངག་ཐོག་ལས་ ཕུལ་ཡོདཔ་མ་གཏོགས་ ཤ་ཚོང་པ་ཁ་ཐུག་ལས་འབད་རུང་ མ་སྤྲོདཔ་སྦེ་ ངག་བརྗོད་ཚུ་ ཕུལ་ནུག་ཟེར་ཨིན་པས།
བདག་སྐྱོང་ལས་རོགསཔ་སྦེ་ ཕྱག་ཞུ་བའི་སྐབས་ དབང་ཚད་ཟེར་རུང་ གཉེར་ཚང་བདག་འཛིན་འབད་ནི་དང་ བཞེས་སྒོ་ཚུ་ དུས་ཚོད་ཁར་ བྱིན་ནི་དེ་མ་གཏོགས་ དངུལ་དང་འབྲེལ་བ་མེདཔ་མ་ཚད་ ལོག་སྤྱོད་འབད་ནི་གི་ གོ་སྐབས་མེད་ལུགས་ཚུ་གི་སྐོར་ལས་ཞུ་ཡི།
ཨིན་རུང་ ཐོག་མའི་ཁྲིམས་འདུན་གྱི་ཁ་ཐུག་ལས་ དེ་ཚུ་ངོས་ལེན་འབད་མ་བཏུབ་མི་དེ་གི་ ཁོ་ལུ་ སྐྱིད་སྡུག་ཕོག་སྟེ་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་ཁ་ཐུག་ལས་ ཞིབ་དཔྱད་མཐིལ་ཕྱིན་སྦེ་གནང་སྟེ་ བཀའ་དྲིན་བསྐྱང་དགོ་པའི་ ཞུ་བ་ཕུལ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *