རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་ འཆར་དངུལ་དཔྱད་བགོ་དཔྱད་ཡིག་ལུ་ གྲོས་འདེབས་ཁག་༤ བཀོད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྩིས་ལོ་༢༠༢༠ དང་༢༠༢༡ འི་ ལྷན་ཐབས་འཆར་དངུལ་དཔྱ་བགོ་དཔྱད་ཡིག་ལུ་ གྲོས་འདེབས་ཁག་༤ བཀོད་དེ་ རྒྱལ་ཡོངས་ཚོགས་འདུ་ལུ་ བསྐྱར་གྲོས་འབད་བར་ བཏང་ཡོདཔ་ཨིན་པས།

དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ གསར་སྤང་གི་འཐུས་མི་ ཨ་ནཱན་རའི་གིས་ ཚོགས་ཆུང་གིས་ འཐུས་མི་ཚུ་དང་ གཅིག་ཁར་ གྲོས་བསྟུན་འབདཝ་ད་ དང་པ་ རྒྱལ་ཡོངས་སྐྱིན་འགྲུལ་གན་ལེན་ལས་འཆར་ནང་ སྐྱིན་འགྲུལ་དུས་ཚོད་ཁར་ མ་བཏབ་མིའི་བརྒྱ་ཆ་ དམིགས་གཏད་བརྒྱ་ཆ་༢༤ ལུ་བཞག་མི་དེ་ མཐོ་དྲགས་ཡོདཔ་ལས་ མ་འོངས་པའི་ནང་ སྐྱིན་འགྲུལ་ བྱིན་མི་དང་ ལེན་མི་གཉིས་ཆ་ར་ལུ་ ཐོ་མི་ཕོག་ག་ཟེར་བའི་ དོགས་སྣང་བྱུང་ཡོདཔ་ལས་ གཞུང་གིས་འབད་རུང་ ཞིབ་འཚོལ་ དང་ དབྱེ་དཔྱད་འབད་དེ་ བརྒྱ་ཆ་དེ་ གཏན་ཏོག་ཏོ་བཀོད་པ་ཅིན་ ལཱ་འབད་བའི་སྐབས་འཇམ་པའི་ཁར་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཞུ་ཡི།

གཉིས་པ་དེ་ ལས་སྡེ་དཔྱ་བགོའི་ཐད་ མི་སྡེ་ལུ་ཕན་པའི་ ལཱ་གི་དོན་ལུ་ མ་དངུལ་སོ་སོར་སྦེ་ ལོ་བསྟར་འཆར་དངུལ་ནང་ བཀོད་དགོཔ་སྦེ་ཨིན་མི་དེ་ཡང་ མི་སྡེ་ནང་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་དང་ རང་སྲོག་གཅད་མི་ སྨྱོ་རྫས་སྤྱོད་མིའི་གྱངས་ཁ་ ལོ་བསྟརབཞིན་དུ་ ཡར་སེང་སོང་སྟེ་འདུག་ཟེར་ཞུ་ཡི།

སྤྱི་ལོ་༢༠༡༠ ལས་༢༠༡༩ བར་ནའི་གནས་སྡུད་ནང་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་༣༧༦༤ དེ་ཅིག་དང་ རང་སྲོག་བཅད་ མི་དེ་༡༦༨ དེ་ལས་ མི་ནག་ཚོང་འཐབ་མི་དང་ སྨྱོ་རྫས་ལག་ལེན་འཐབ་མི་ ལོ་ན་མ་སྨིན་མི་དང་གཅིག་ཁར་ ལུས་འབྲེལ་འབད་བའི་དཀའ་ངལ་ཚུ་ལུ་ གསོ་བ་དང་ཤེས་རིག་ལྷན་ཁག་མ་གཏོགས་ གཞན་ལྷན་ཁག་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དགོ་པའི་ གྲོས་འདེབས་འབད་ཡི།

དེ་འབདཝ་ལས་ ལོ་བསྟར་འཆར་དངུལ་ནང་ཡང་ མི་སྡེའི་ཞབས་ཏོག་དོན་ལུ་ འཆར་དངུལ་ཁ་གསལ་ བཙུགས་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།

གསུམ་པའི་ཐད་ཁར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ནང་ གཞུང་གིས་ ད་ལྟོ་ཚུན་ ལོ་ཐོག་དང་ སྒོ་ནོར་གྱི་དོན་ལུ་ བརྟན་རྩ་མ་དངུལ་ གཞི་བཙུགས་འབད་དེ་ཡོད་རུང་ བསྟར་སྤྱོད་མ་འབད་མི་དེ་གིས་ སོ་ནམ་པ་ཚུ་ལུ་ རྒུད་ཕོག་ཡོདཔ་ལས་ ད་ལས་ཕར་ གཞུང་གིས་ བརྟན་རྩ་མ་དངུལ་དོན་ལུ་ ལོ་བསྟར་འཆར་དངུལ་ལས་ གྲོགསརམ་འབད་བ་ཅིན་ ཕན་ཐོགས་ནི་ཨིན་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།

ས་གཏེར་དང་རྡོ་གཏེར་བཟོ་གྲྭ་ནང་ ཅུ་ནི་ཁོ་ལའི་ཌོ་ལོ་མ་ཡེཊ་དེ་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ལུ་ སྤྲོད་པ་ཅིན་ ལས་སྡེ་གིས་ ནང་འཁོད་ཐོན་ཁུངས་ཡང་ ཡར་དྲག་བཟོ་བའི་ མངོན་གསལ་བྱུང་ཡོད་ཟེར་ཨིན་པས།

གྲོས་འདེབས་༤ པ་དེ་ ཧཱ་དང་བསམ་རྩེ་བར་ནའི་ གཞུང་ལམ་གཉིས་པའི་དོན་ལུ་ མ་དངུལ་མ་བཞག་པར་ འཛགས་ལུས་ཤོར་མི་དེ་ལུ་ ཚོགས་སྡེ་གིས་ གཞུང་གིས་བལྟ་དགོ་པའི་ གྲོས་འདེབས་འབད་ཡི།

ཚོགས་ཆུང་གི་ཁྲི་འཛིན་གྱིས་ གནད་དོན་དེ་ལུ་ དབྱེ་ཞིབ་འབད་ལྟཝ་ད་ ཧཱ་དང་ དགེ་བསྙེན་ཁ་བར་ན་ ལམ་ཀི་ལོ་མི་ཊར་༦༨ དེ་ཅིག་ དེ་སྦེ་ར་ ལུས་ནི་ཨིནམ་ལས་ གཞུང་གིས་ འཆར་དངུལ་ནང་ལས་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

སྤྱི་ལོ་༢༠༢༠ དང་༢༠༢༡ ལོའི་ ལྷན་ཐབས་འཆར་དངུལ་དཔྱ་བགོ་དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་ལུ་ བསྐྱར་གྲོས་དོན་ ལུ་ གཏང་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *