རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ མཐར་འཁྱོལ་བརྡ་མཚོན་དང་པམ་དེ་ བཏོན་གཏང་དགོ་པའི་ཞུ་བ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་ རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ མཐར་འཁྱོལ་བརྡ་མཚོན་དང་པམ་དེ་ བརྡ་མཚོན་དམིགས་གཏད་ནང་ལས་ བཏོན་གཏང་དགོ་པའི་ ཞུ་བ་འབད་ཡི།

དེ་ཡང་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ ཐིམ་ཕུག་ལུ་ རང་སྐྱོང་ལས་སྡེ་ཚུ་གི་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ བར་མཚམས་བསྐྱར་ཞིབ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ སྙན་ཞུ་ཕུལ་ཡི།

ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དམིགས་གཏད་ཚུ་ འགྲུབ་ཐབས་ལུ་ ལས་རིམ་གཙོ་ཅན་དང་ རྒྱལ་ཡོངས་ཡུན་བརྟན་གོང་འཕེལ་དང་ རྒྱལ་ཡོངས་ཁས་བླངས་སྙན་ཞུ་ཚུ་ གཏན་འཁེལ་བཟོ་དགོཔ་ འདུག་ཟེར་ཨིན་པས།

མཐར་འཁྱོལ་བརྡ་མཚོན་དང་པའི་ དམིགས་གཏད་དེ་ འཛོལ་སོ་ནུག་ཟེར་ཨིནམ་ད་ དམིགས་གཏད་ཀྱི་ ཉེན་ཁ་ཐད་ཁར་ དྲུང་ཆེན་གྱིས་འབད་བ་ཅིན་ གཞུང་སྐྱོང་མཆོག་འགྱུར་ནང་ མཐར་འཁྱོལ་བརྡ་མཚོན་ལས་སྣ་དང་ དམིགས་གཏད་ཚུ་ རྩིས་ལོ་དེ་ནང་ འབྲེལ་བ་མིན་འདུག་ཟེར་ཨིན་པས།

དམིགས་གཏད་དེ་ཡང་ ཤུལ་མའི་ རྩིས་ལོ་ནང་མ་གཏོགས་ བསྐྱར་ཞིབ་འབད་མི་ཚུགས་ནི་མས་ཟེར་ཨིནམ་ད་ ལོ་དེ་ནང་ མཐར་འཁྱོལ་བརྡ་མཚོན་༢༠ དམིགས་གཏད་བསྐྱེད་ས་ལས་ དམིགས་གཏད་༤ གྲུབ་ཡོདཔ་ད་ འབད་འཕྲོ་༡༣ དང་ ཉེན་ཁ་ནང་ ལས་སྣ་༣ ཚུད་དེ་ཡོད་ཟེར་ཨིན་པས།

དྲུང་ཆེན་འཕྲིན་ལས་རྣམ་རྒྱལ་གྱིས་ རང་སྐྱོང་ལས་སྡེ་ཚུ་གི་ རྩིས་ལོ་༢༠༡༨ དང་༢༠༡༩ གི་ ལོ་བསྟར་ལས་འབྲེལ་དམིགས་གཏད་ཚུ་ ཐག་བཅད་ནི་མེན་པར་ ཟིན་བྲིས་སྦེ་ བཟོ་གནང་ཟེར་ བློན་ཆེན་ལུ་ ཞུ་ཡོདཔ་བཞིན་དུ་ རང་སྐྱོང་ལས་སྡེ་ཚུ་གིས་ ལོ་བསྟར་ལས་འབྲེལ་དམིགས་གཏད་དེ་ཡང་ རྩིས་ལོ་༢༠༡༨-༡༩ གི་ འཆར་དངུལ་ཚུ་ ཆ་འཇོག་འབད་ཞིནམ་ལས་མ་གཏོགས་ བསྐྱར་ཞིབ་དང་ ཐག་བཅད་མི་ཚུགས་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ མཐར་འཁྱོལ་བརྡ་སྟོན་༤ གྲུབ་འབྲས་བྱུང་མི་ལས་ ལོ་༤ ནང་ ལས་སྡེ་ཚུ་ནང་ འཆར་དངུལ་ཀྱི་ མཐུན་རྐྱེན་བགོ་བཀྲམ་ཀྱི་ གནས་སྡུད་བཏོན་ཏེ་ སྤྱི་ཟླ་༨ པའི་ དམིགས་གཏད་བཀོད་བཞིན་དུ་  མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ནུག།

ལོ་བསྟར་གོང་འཕེལ་སྙན་ཞུ་ནང་ འཆར་གཞི་༡༡ པའི་ ལག་ལེན་ཡར་དྲག་དེ་ཡང་ ཐག་བཅད་དེ་ དམིགས་གཏད་དང་འཁྲིལ་ཏེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ལྷན་ཚོགས་དང་ བརྗེ་སོར་འབད་ཡོདཔ་ཨིན་པས།

རང་སྐྱོང་ལས་སྡེ་༡༤ གི་ ལོ་བསྟར་ལས་འབྲེལ་དམིགས་གཏད་ བསྐྱར་ཞིབ་དེ་ཡང་ སྤྱི་ཟླ་དང་པའི་ཚེས་༢༦ ལུ་འབད་ཡོདཔ་ད་ བསྐྱར་ཞིབ་ཚོགས་ཆུང་དང་འཁྲིལཝ་ད་ མཐར་འཁྱོལ་བརྡ་སྟོན་༤༥༧ ཡོད་མིའི་གྲས་ལས་ བརྒྱ་ཆ་༢༥ གྲུབ་འབྲས་ཐོན་ཡོདཔ་ད་ ལཱ་འབད་འཕྲོ་བརྒྱ་ཆ་༧༠ དང་ བརྒྱ་ཆ་༤ དེ་ཅིག་ ཉེན་ཁ་ནང་ཚུད་ཡོད་པའི་ མངོན་གསལ་བྱུང་ནུག།

ལྷན་ཚོགས་ཀྱིས་ དམིགས་གཏད་དང་འཁྲིལ་ཏེ་ ས་གནས་གཞུང་དང་ ལས་སྡེ་ལྟེ་བའི་ འཆར་གཞི་༡༢ པའི་ཟིན་བྲིས་ཚུ་ གྲ་སྒྲིག་འབད་ཡོདཔ་ད་ དྲུང་ཆེན་གྱིས་ སླབ་མིའི་ནང་ འཆར་གཞི་༡༢ པའི་ ཟིན་བྲིས་ཡིག་ཆ་ གླེགས་བམ་དང་པ་དང་༢ པ་ དེ་ལས་༣ པ་ཚུ་ མཇུག་བསྡུ་ཡི་ཟེར་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མཐར་འཁྱོལ་བརྡ་སྟོན་༢ བསྐྱར་ཞིབ་འབད་ཡོདཔ་ད་ བློན་ཆེན་གྱིས་ ལྷན་ཚོགས་ལུ་ མཐར་འཁྱོལ་བརྡ་སྟོན་ འགྲུབ་ནིའི་དུས་ཚོད་ཐད་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ལས་འབྲེལ་འཛིན་སྐྱོང་སྡེ་ཚན་དང་གཅིག་ཁར་ གྲོས་བསྟུན་འབད་དགོཔ་སྦེ་ གསུངས་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ ལས་སྡེ་ཚུ་གིས་ དམིགས་གཏད་ཚུ་ གྲུབ་མ་ཚུགས་མི་དེ་ཡང་ གཞུང་གིས་ འཆར་དངུལ་ཚུ་ དུས་ཚོད་ཁར་ བགོ་བཀྲམ་འབད་མ་ཚུགས་མི་ལུ་བརྟེན་ ཨིནམ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་རིམ་༡༡ པ་དེ་ འཚོགས་ནི་ཨིན་ན་མེད་ན་ ད་ལྟོ་ཡང་ ཐག་བཅད་མ་ཚུགས་པར་ ཡོད་ཟེར་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡༠༩.༡༠ བགོ་བཀྲམ་འབད་ཡོད་མི་ལས་ ད་རེས་ དངུལ་ཀྲམ་ས་ཡ་༤༣.༣༡ ཟད་འགྲོ་བཏང་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *