༉ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་གིས་ རྩིས་ཀྱི་ཆོས་ཚན་ལྷབ་ད་ འཇམ་ཏོང་ཏོ་སྦེ་ ཧ་ནིའི་དོན་ལུ་ བཀྲིས་སྒང་ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭ་གིས་ ཉིན་གྲངས་༣ གྱི་རིང་ རྩིས་ཀྱི་མཉེན་ཆས་ ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭའི་རྩིས་དང་ གློག་རིག་ཚན་རིག་ལས་ཁུངས་ཀྱིས་བྱིན་མི་ སྦྱོང་བརྡར་དེ་ནང་ མོང་སྒར་དང་ བཀྲིས་སྒང་ པདྨ་དགའ་ཚལ་རྫོང་ཁག་༣ གྱི་ སློབ་གྲྭ་ལྟེ་བ་ཚུ་ལས་ རྩིས་ཀྱི་སློབ་དཔོན་༡༤ གིས་ བཅའ་མར་གཏོགས་ནུག།
ད་རེས་ འགོ་དང་པ་ ལག་ལེན་འཐབ་མི་ མེ་པཱལ་༢༠༡༦.༢ ཟེར་མི་ མཉེན་ཆས་དེ་གིས་ སློབ་རིམ་༡༡ པ་དང་༡༢ པ་ཚུ་ལུ་ སློབ་དཔོན་ཚུ་གིས་ རྩིས་ཀྱི་སློབ་སྟོན་འབདཝ་ད་ བྱ་རིམ་འཇམ་ཏོང་ཏོ་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་འགོ་འཛིན་ ཨར་ བ་ལ་མུ་རུ་གཱན་གྱིས་ སླབ་མིའི་ནང་ མཉེན་ཆས་དེ་ ལག་ལེན་ཐོག་ལས་ སློབ་རིམ་༡༢ པའི་ རྩིས་ཀྱི་ཆོས་ཚན་ བརྒྱ་ཆ་༩༩ སློབ་སྟོན་འབད་ཚུགས་ཟེར་ཨིནམ་ད་ འདས་པའི་གནས་སྟངས་ཚུ་ལུ་ བལྟ་བ་ཅིན་ རྩིས་ལྷབ་ནི་ལུ་ ལཱ་ཁག་ཅིག་སྦེ་ བརྩི་འཇོག་འབད་ཡོདཔ་ཨིན་རུང་ ད་ལས་ཕར་ སློབ་དཔོན་ཚུ་གིས་ མཉེན་ཆས་དེ་ ལག་ལེན་འཐབ་ཤེས་ནི་ཨིནམ་ལས་ སློབ་ཕྲུག་ཚུ་གིས་ ཧ་གོ་ནི་ལུ་ འཇམ་འོང་ཟེར་ སླབ་ཨིན་པས།
ཨ་ལོ་ཚུ་གིས་ རྩིས་ཧ་གོ་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ཡང་ གཙོ་བོ་ར་ ཆོས་ཚན་དེ་ དང་ཕུའི་ སློབ་སྟོན་ལམ་ལུགས་ཐོག་ལས་ར་ སློབ་སྟོན་འབད་ནི་དེ་གིས་ཨིན་པས་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་ཀྱི་ མཉེན་ཆས་དེ་ནང་ པར་དང་སྦྲགས་ཏེ་ སློབ་སྟོན་འབད་ཡི་ཟེར་ སླབ་ཨིན་པས།
སློབ་ཕྲུག་ཚུ་གིས་ རྩིས་ལྷབ་ནི་ལུ་ ལཱ་ཁག་རྐྱབ་མི་དེ་ཡང་ གཙོ་བོ་ར་ རྩིས་ཕབ་ཐངས་ཀྱི་ དམིགས་དོན་ཚུ་ ཧ་མ་གོ་མི་ལུ་བརྟེན་ཨིནམ་སྦེ་ འཇིགས་མེད་ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ རྩིས་སློབ་དཔོན་ ཀུན་བཟང་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཀུན་བཟང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་ ཆོས་ཚན་ཚུ་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཐོག་ལས་ སློབ་སྟོན་འབད་མི་གིས་ གྲུབ་འབྲས་ལེགས་ཤོམ་ འཐོན་འོང་ཟེར་ཨིནམ་ད་ དེ་ཡང་ སློབ་ཕྲུག་ཁོང་ར་གིས་ ལྷབ་མི་ཚུ་ པར་རིས་ཀྱི་ཐོག་ལས་ མཐོང་ཚུགས་ནི་དེ་གིས་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ བཅའ་མར་གཏོགས་མི་ སློབ་གྲྭ་ཚུ་ལུ་ ཆོག་ཐམ་ཡོད་པའི་ མཉེན་ཆས་༢ རེ་ བྱིན་ཡོདཔ་ད་ མཐོ་རིམ་སློབ་གྲྭ་གིས་ དངུལ་ཀྲམ་༤༩༠,༠༠༠ སྤྲོད་དེ་ མཉེན་ཆས་༣༠ གི་ ཆོག་ཐམ་མཁོ་སྒྲུབ་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཉི་མ་དབང་འདུས།