ཕུར་པ་མོག་ཏཱན་གྱིས་ མནྜལ་སྒང་ལུ་ ཁོ་རའི་ཚོད་བསྲེ་ཞིང་ནང་ མེ་ཏོག་ཧོན་ཚོད་བཏོག་པའི་བསྒང་།

རྩིང་རང་དང་ དར་དཀར་ནང་ལུ་ འོས་འབབ་ལྡན་པའི་ ཚོད་བསྲེའི་གཏན་གོང་ བཟོ་ཡོདཔ།

༉ དར་དཀར་ནང་ལུ་ ཨེ་མ་ལྷོནམོ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ད་ གོང་ཚད་དེ་ འཕྲལ་ཁམས་ཅིག་ཁར་ སོ་ནམ་ལྷན་ཁག་གིས་ གཏན་གོང་བཟོ་ཡོད་མི་ལས་ དངུལ་ཀྲམ་༥༠ དམའ་སུ་ཨིནམ་ད་ རྩི་རང་ལུ་འབད་བ་ཅིན་ སོ་ནམ་པ་ མང་ཤོས་ཅིག་གིས་ དངུལ་ཀྲམ་༣༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ནད་ཡམས་ཀྱི་གནས་སྟངས་ནང་ ཚོད་བསྲེ་བཙོང་མི་དང་ སོ་ནམ་པ་ཚུ་གིས་ གོང་ཚད་ཐེབས་ རྐྱབ་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་བཀོད་མི་ཐོན་ཡོདཔ་ད་ ཐིམ་ཕུག་ལུ་ ཨེ་མ་ལྷོདམོ་ཀེ་ཇི་༡ ལུ་ གོང་ཚད་དངུལ་ཀྲམ་༥༠༠ རེ་ སླབ་དོ་ཡོདཔ་ཨིན་པས།

དར་དཀར་ནང་གི་ སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ སོ་ནམ་ལྷན་ཁག་གིས་ གཏན་གོང་བཟོ་ཡོད་མི་དེ་ འོས་འབབ་འདུག་ཟེར་ཨིནམ་ད་ ཚོད་བསྲེ་བཙོང་མི་ཚུ་གིས་ ཐོན་སྐྱེད་འབད་ས་ལས་ ཉོ་མིའི་གོང་ཚད་དང་ ཚོང་མགྲོན་པ་ཚུ་ལུ་ བཙོང་བའི་སྐབས་ གོང་ཚད་ཐེབས་རྐྱབ་མི་དེ་ མཐོ་དྲགས་པས་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ ལོ་༡ ནང་བཟོ་མི་འོང་འབབ་དེ་ ཚོད་བསྲེ་བཙོང་མི་ཚུ་གིས་ ཐེངས་༡ ནང་བཟོ་དོ་ཡོདཔ་ལས་ བར་ན་ལས་ ཉོ་མི་ཚུ་ལུ་ གོང་མཐོ་དྲགས་སྦེ་གནས་དོ་ཡོདཔ་ད་ དེ་ཡང་ དཔེར་ན་ སོ་ནམ་པ་ཚུ་གིས་ མེ་ཏོག་ཀོ་པི་ཀེ་ཇི་༡ ལུ་ དངུལ་ཀྲམ་༨༠ རེ་སྦེ་ བཙོང་མི་དེ་ ཐིམ་ཕུག་ལུ་ དངུལ་ཀྲམ་༡༦༠ དེ་ཅིག་ སླབ་མས་ཟེར་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་གོང་ཚད་དེ་ སོ་ནམ་ལྷན་ཁག་གིས་ གཏན་འཁེལ་བཟོ་ཡོདཔ་ད་ དེ་ཡང་ གོང་ཚད་ལས་ བརྒྱ་ཆ་༦༠ སོ་ནམ་པ་ཚུ་ལུ་དང་ བརྒྱ་ཆ་༤༠ ཚོད་བསྲེ་བཙོང་མི་ཚུ་ལུ་ བཞག་ནིའི་དོན་ལུ་ཨིན་པས།

རྩི་རང་གསེར་གྱི་ཐང་ལུ་ མི་སེར་སོ་ནམ་པ་ཚུ་ གཏན་གོང་ལུ་ གནས་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་དེ་ ཚོད་བསྲེ་བཙོང་མི་ཚུ་གི་བར་ན་ མ་འདྲཝ་འདུག་ཟེར་ཨིནམ་ད་ དེ་ཡང་ ཐོན་ཤུགས་ཚད་ཅིག་ལས་མེདཔ་ལས་ ཚོད་བསྲེ་བཙོང་མི་ཚུ་གིས་ ཨེ་མ་ལྷོནམོ་ཀེ་ཇི་༡ ལུ་ དངུལ་ཀྲམ་༣༥༠ ཡང་ བྱིནམ་མས་ཟེར་ཨིན་པས།

དེ་འབདཝ་ལས་བརྟེན་ ཉོ་མི་དང་ ཐོན་སྐྱེད་འབད་མིའི་བར་ན་ ཡུན་བརྟན་ཚོང་ལམ་གྱི་ ཐབས་ལམ་བཏོན་དགོཔ་ ཡོད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ ཚོད་བསྲེ་བཀྲམ་སྤེལ་གྱི་དོན་ལུ་ གཞུང་གི་སྣུམ་འཁོར་གཏང་ནི་དང་ ན་གཞོན་ཚུ་ལུ་ གླ་འཐུས་བྱིན་ཏེ་ ལཱ་ནང་བཙུགས་པ་ཅིན་ གོང་ཚད་མཐོ་དྲགས་གནས་མི་དེ་ མར་ཕབ་ཚུགས་པའི་ བསམ་འཆར་བཤདཔ་ཨིན་པས།

གསེར་གྱི་ཐང་ལས་ སཱན་མཱན་སུ་བྷ་གིས་ སླབ་མིའི་ནང་ ཡུན་བརྟན་གྱི་ ཚོང་ལམ་གཞི་བཙུགས་འབད་བ་ཅིན་ སོ་ནམ་པ་ཚུ་ལུ་ ཁ་གཏང་ནི་དེ་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ད་ཚུན་གྱི་ གོང་ཚད་དེ་ འོས་འབབ་ཡོད་པའི་ གོང་ཚད་ཨིན་ཟེར་ཨིན་པས།

དར་དཀར་ནང་ བཙན་མདའ་སྒང་རྒེད་འོག་གི་ ལས་བྱེདཔ་ཚུ་གིས་ སམ་རེ་ཆུ་སྤྱི་འོག་ནང་ལས་ ཨེ་མ་ལྷོདམོ་ཚུ་ བསྡུ་ལེན་འབད་ཞིནམ་ལས་ གཏན་གོང་དང་འཁྲིལ་ དར་དཀར་དཔལ་ལ་ལུ་ ནད་ཡམས་ཀྱི་གདོང་ལན་ལུ་ མདུན་གཟང་སྟེ་ ལཱ་འབད་མི་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

རྩི་རང་ལུ་ ཚོང་ལསཔ་༢ ཀྱིས་ རྒེད་འོག་ག་རའི་ མི་སེར་ཚུ་ ཁྲོམ་དང་གཅིག་ཁར་ ཚོང་ལམ་བཟོ་སྟེ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་སྐབས་ ཐོན་ཤུགས་ག་དེམ་ཅིག་ཡོད་རུང་ བཙོང་ཚུགས་དོ་ཡོདཔ་ཨིན་པས།

མནྜལ་སྒང་ལས་ ཕུར་པ་མོག་ཏཱན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༢༣ ལས་ ད་ལྟོ་ཚུན་ ཚོད་བསྲེ་ཀེ་ཇི་༢༧༠ དེ་ཅིག་ བཙོང་ཡོདཔ་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༨,༠༠༠ དེ་ཅིག་ བཟོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་དེ་ འདས་པའི་འགྲུལ་སྐྱོད་བཀག་དམ་དང་ཕྱདཔ་ད་ དྲག་པས་ཟེར་ཨིནམ་ད་ དེ་ཡང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ བཙོང་ནི་ལུ་ དཀའ་ངལ་མེདཔ་ལས་ ཚོད་བསྲེའི་ལཱ་མངམ་འབད་ནི་ལུ་ སེམས་ཤུགས་བྱིནམ་མས་ཟེར་ཨིན་པས།

ཁོ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་ལཱ་འབད་དེ་ ལོ་༣ དེ་ཅིག་ ལང་ཡོདཔ་ད་ ཁོ་གིས་ ས་ཆ་ཨེ་ཀར་༣ དེ་ཅིག་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

ཟླ་བ་རྡོ་རྗེ་གིས་ཡང་ ས་ཆ་ཨེ་ཀར་༦ ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ཡོདཔ་ད་ ད་ཚུན་ ཁོ་གིས་ ཚོད་བསྲེའི་རིགས་ ཀེ་ཇི་༥༠༠ དེ་ཅིག་ བཙོང་ཡོདཔ་ད་ ད་རེས་ ཐོན་ཤུགས་ལེ་ཤ་ཡོདཔ་ལས་ ཁྲོམ་དང་ཚོང་ལམ་སྒྲིག་མི་ ཚོང་ལས་སྡེ་ཚན་གྱིས་ ག་དེ་སྦེ་ བཙོང་ཚུགས་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་ བདུན་རིམ་བཞིན་དུ་ ཚོད་བསྲེ་བོ་ལེ་རོ་༢ ཐིམ་ཕུག་ལུ་ བཀྲམ་སྤེལ་འབད་བར་འགྱོ་དོ་ཡོདཔ་ད་ ད་རེས་ ཐོན་ཤུགས་མངམ་ཡོད་མི་ཚུ་ ཁོང་རང་གིས་ བཙོང་ནིའི་གོ་སྐབས་བྱིན་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།

རྫོང་ཁག་སོ་ནམ་འོག་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་སྐབས་ གསོ་བའི་ལམ་སྟོན་དང་ འགྲོ་འགྲུལ་མར་ཕབ་འབད་ནི་ལུ་ ཚོང་ལསཔ་༢ ངོས་འཛིན་འབད་ཡོདཔ་ད་ དགོས་མཁོ་སྦོམ་ཡོད་པ་ཅིན་ ཐབས་ལམ་བཏོན་ཞིནམ་ལས་ ཐོན་སྐྱེད་ཚུ་ག་ར་ བཙོང་ཚུགསཔ་བཟོ་འོང་ཟེར་ཨིན་པས།

མི་སེར་ཚུ་གིས་ སོ་ནམ་ལྷན་ཁག་གིས་ བཟོ་ཡོད་པའི་ གཏན་གོང་ལུ་གནས་དོ་ཡོདཔ་ད་ ཀོ་པི་ཀི་ཇི་༡ ལུ་ དངུལ་ཀྲམ་༣༠ ལས་༤༠ གི་བར་ན་ བཙོང་དོ་ཡོདཔ་ད་ ལྷན་ཁག་གིས་ བཟོ་ཡོད་པའི་གོང་ཚད་དེ་ ཀེ་ཇི་༡ ལུ་ དངུལ་ཀྲམ་༧༠ ཨིན་པས།

རྩི་རང་རྫོང་ཁག་གིས་ སྤ་རོ་དང་ ཐིམ་ཕུག་ དབང་འདུས་རྫོང་ཁག་ཚུ་ནང་ ཚོད་བསྲེ་མེ་ཊིག་ཏཱོན་༡༢ དེ་ཅིག་དང་ ཚོད་བསྲེ་ཆགཔ་༦,༠༠༠ བཀྲམ་སྤེལ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *